དྷ་སའི་ཁང་རྙིང་བདག་མེད་ཅིག་གི་ནང་ནས་བོད་པ་ཞིག་གི་ཕུང་པོ་རྙེད་འདུག
ཟླ་འདིའི་ཚེས་༦ ཉིན་དྷ་ས་མག་གྷེན་ནས་བྷག་སི་ཆུ་ཁར་བསྐྱོད་སའི་བོད་ཀྱི་ཟློས་གར་ཁང་ཡོད་སའི་གཞུང་ལམ་འོག་གི་ཁང་སྟོང་རྙིང་པ་ཞིག་གི་ནང་བོད་མི་ཞིག་གི་ཕུང་པོ་རྙེད་ཡོད་པ་དང་། ཁོང་འདས་གྲོངས་སུ་སོང་བ་མ་ཡིན་པར་གཞན་གྱིས་བསད་པ་ཡིན་པའི་དོགས་གཞི་བྱུང་ཡོད་པ་རེད།
ཟླ་འདིའི་ཚེས་༦ ཉིན་དྷ་ས་མག་གྷེན་ནས་བྷག་སི་ཆུ་ཁར་བསྐྱོད་སའི་བོད་ཀྱི་ཟློས་གར་ཁང་ཡོད་སའི་གཞུང་ལམ་འོག་གི་ཁང་སྟོང་རྙིང་པ་ཞིག་གི་ནང་བོད་མི་ཞིག་གི་ཕུང་པོ་རྙེད་ཡོད་པ་དང་། ཁོང་འདས་གྲོངས་སུ་སོང་བ་མ་ཡིན་པར་གཞན་གྱིས་བསད་པ་ཡིན་པའི་དོགས་གཞི་བྱུང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༥ ཚེས་༦ ཉིན་གྱི་ཕྱི་དྲོ་ང་ལས་ཁུངས་སུ་ཡོད་པའི་སྐབས་དེར་རོགས་པ་ཞིག་གིས་སྐད་འཕྲིན་བརྒྱུད་ནས་མག་གྷན་དུ་མི་ཞིག་བསད་འདུག་ཟེར་གྱི་འདུག་ཅེས་ལན་བསྐྱལ་སོང་། དེ་ནས་ང་མག་གྷན་དུ་བསྐྱོད་པ་ཡིན་ལ། བོད་ཀྱི་ཟློས་གར་ཁང་ཡོད་སའི་གཞུང་ལམ་ཐོག་ཏུ་མི་མང་པོ་འཛོམས་འདུག དགོང་དྲོའི་ཉི་མ་ནུབ་ཁ་དེར་གཞུང་ལམ་འོག་གི་ཁང་རྙིང་བདག་མེད་དེའི་ནང་ནས་བོད་མི་སྐྱེས་པ་ཞིག་གི་ཕུང་པོ་ཕྱི་ལ་བཏོན་ནས། དྷ་ས་ས་གནས་འགོ་འཛིན་དང་རྒྱ་གར་ཉེན་རྟོག་པ་ཁག་ཅིག་གིས་བརྟག་དཔྱད་བྱེད་བཞིན་འདུག མགོ་ལ་རྨ་འདུག་ཟེར་གྱི་འདུག་མོད། སྐབས་དེར་མགོ་ལ་རས་བཀབ་བཞག་ཡོད་པས་རྨ་ཁ་མཐོང་མ་སོང་། ལག་པའི་ཐོག་ཏུ་ཁྲག་ཅུང་ཙམ་རེ་འགོས་འདུག་པ་ལས། ཁྲག་མང་པོ་ཕྱི་ལ་འཛར་མི་འདུག
འདས་གྲོངས་སོང་བའི་མི་དེ་མཚན་མོ་ཁང་རྙིང་དེའི་ནང་ཉལ་གྱི་ཡོད་པ་ལས་ངེས་གཏན་སྡོད་གནས་མེད་མཁན་ཞིག་ཡིན་ཚོད་འདུག ཁང་རྙིང་ཡོད་ས་དེར་ཤིང་ནགས་མང་པོ་ཡོད་པ་དང་། ཁོར་ཡུག་ཁུ་སིམ་པོ་དང་། གཡས་གཡོན་དུ་སྦུ་རག་ཤེལ་དམ་མང་པོ་འཐོར་འདུག ཁང་རྙིང་དེ་སྔོན་མ་རྒྱ་གར་གྱི་ལས་ཁུངས་ཤིག་ཡིན་འདུག་ལ། ད་ལྟ་ལོ་མང་རིང་བདག་པོ་མ་བྱས་པར་བཞག་ཡོད་འདུག ཕུང་པོ་ཕྱི་ལ་འདོན་རོགས་བྱེད་མཁན་ནམ་རྒྱུན་དྷ་སར་འཁྱམ་ཉུལ་བྱེད་སྡོད་མཁན་ཞིག་འདུག་ལ། ཐོག་མར་ཁོང་གིས་ཤེས་རྟོགས་བྱུང་སྟེ་ས་གནས་འགོ་འཛིན་ལ་བརྡ་བཏང་འདུག ཁོང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། མི་དེ་བོད་ནས་ཡོང་བའི་གསར་འབྱོར་ཡིན་པ་དང་། མཚམས་རེར་ཟ་ཁང་དེ་འདྲའི་ནང་ལས་ཀ་བྱེད་ཀྱི་འདུག མིང་དངོས་གནས་མི་ཤེས། ཁོང་ཚོས་མཚམས་པ་ཟེར་གྱི་ཡོད་ཅེས་འགྲེལ་བརྗོད་བྱས་སོང་། གང་ལྟར་གྲོངས་རྐྱེན་ཁ་གསལ་མི་འདུག་ལ། བདག་པོ་དང་སྡོད་གནས་སོགས་ངེས་གཏན་མེད་པའི་འཁྱམ་པོ་ཞིག་ཡིན་པ་དང་། ལོ་ཚོད་༣༠ ནས་༤༠ ཙམ་ཡིན་ཚོད་འདུག
ཕུང་པོར་བལྟས་ན་འདས་གྲོངས་སོང་ནས་རྒྱུན་རིང་སོང་མི་འདུག་ལ། རྒྱ་གར་ཉེན་རྟོག་པའི་ཆུ་ཚོད་༢༤ ནང་འདས་གྲོངས་སོང་འདུག་ལ། གཞན་པ་གྱིས་བསད་པ་ཡིན་པའི་དོགས་གཞི་འདུག་ཅེས་རྒྱ་གར་གསང་བའི་ལས་ཁུངས་ཀྱི་མི་སྐད་བཏང་ནས། བརྟག་ཞིབ་བྱེད་བཅུག་སོང་། གསང་བའི་ལས་ཁུངས་ཀྱི་མིས་རྙིང་དེའི་ནང་ཞིབ་བཤེར་བྱས་ཏེ། སྟ་རེ་ཞིག་དང་ཉལ་ཆས་རྙིང་རུལ་ཞིག་ཕྱི་ལ་བཏོན་སོང་། དེ་ནས་ཕུང་པོ་རྒྱ་གར་ཉེན་རྟོག་པས་བརྟག་དཔྱད་བྱེད་སར་ཁྱེར་བ་དང་། ཟླ་འདིའི་ཚེས་༧ ཉིན་ཉེན་རྟོག་པས་ཕུང་པོ་མེར་སྲེག་བཏང་ན་འགྲིག་སྐོར་བརྗོད་པ་དང་། གྲོངས་རྐྱེན་སྐོར་བརྟག་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་པ་ལས། ཐག་གཅོད་བྱུང་མི་འདུག ཤེས་རྟོགས་བྱུང་བ་ལྟར་ན། མི་དེ་ཕ་ཡུལ་ཁམས་འབའ་པ་ནས་ཡིན་པའི་གནས་ཚུལ་འདུག་མོད། ངོ་རྟགས་གསལ་པོ་ཆོད་མེད་པ་དང་། དྷ་ས་ས་གནས་འགོ་འཛིན་གྱིས་སྔོན་མ་ཁོང་མཐོང་མྱོང་ཡོད་ལ། ཁམས་སྐད་རྒྱག་མཁན་ཞིག་རེད་ཟེར།
ཕུང་པོ་ཕྱི་ལ་འདོན་རོགས་བྱེད་མཁན་ཕོ་སར་ཞིག་གིས། བོད་པ་ཚོས་བལ་ཡུལ་ལ་ཞལ་འདེབས་རྒྱག་གི་ཡིན་ཞེས་འཚང་ཁ་འདྲ་འདུག་ལ། ང་རང་བོད་པ་ཚོ་བདག་པོ་མེད་པར་འདི་འདྲ་གྲོངས་འགྲོ་ཡི་ཡོད་པ་རེད་ཅེས་སེམས་ཚོར་འདྲ་བཤད་བསྡད་འདུག སྤྱིར་བཏང་དྷ་སར་མི་བདག་པོ་མེད་པར་འདས་གྲོངས་སོང་རྗེས་ལས། སུ་གང་གིས་ཤེས་རྟོགས་མེད་པའི་རིགས་འབྱུང་གི་ཡོད་པ་རེད།།
གནས་ཚུལ་ཁ་སྣོན། མི་དེའི་ཕུང་པོ་ཉེན་རྟོག་པས་བརྟག་དཔྱད་བྱས་རྗེས། ཟླ་འདིའི་ཚེས་༧ ཕྱི་དྲོ་བོད་མིར་ཚུར་རྩིས་སྤྲད་ཡོད་པ་དང་། ཕ་ཡུལ་ཁམས་འབའ་པ་ནས་ཡིན་འདུག་པས། འབའ་པ་སྐྱིད་སྡུག་དང་། ས་གནས་བདེ་དོན་སོགས་ཀྱིས་རོགས་སྐྱོར་འོག་ཕུང་པོ་མེར་སྲེག་བཏང་ཡོད་པ་རེད། ཁོང་གྲོངས་རྐྱེན་གཞན་གྱིས་བསད་པ་མ་ཡིན་པར། ཁོ་རང་ལམ་ཁ་ནས་ས་ལ་རུལ་ནས་མགོ་བརྡབ་པའི་རྐྱེན་གྱིས་རེད་འདུག་ཅེས་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག དེ་སྔོན་ཁོང་གིས་དྷ་སའི་ཟ་ཁང་ནང་ལས་གླ་ལེན་པ་དང་། ནད་གཡོག་ལ་འགྲོ་བ་སོགས་ཀྱི་ལས་ཀ་བྱེད་མྱོང་ཡོད་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།