ཡེ་མེན་ནང་ཁུལ་གྱི་ཟིང་འཁྲུག་དང་ཕྱིའི་རྒྱལ་ཁབ་ཀྱི་འཛུལ་ཞུགས།
སོ་ནི་ཁ་ཆེའི་ཁོངས་སུ་གཏོགས་པའི་ཛེ་རྡི་ཆོས་བརྒྱུད་ཀྱི་ཤོག་ཁག་ཧའོ་རྡི་སི་ཡིས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ཡེ་མེན་སྲིད་གཞུང་ཡོངས་སུ་སྟངས་འཛིན་བྱས་ཏེ་གྲོས་ཚོགས་སྒོ་བརྒྱབ་པའི་རྗེས།
སོ་ནི་ཁ་ཆེའི་ཁོངས་སུ་གཏོགས་པའི་ཛེ་རྡི་ཆོས་བརྒྱུད་ཀྱི་ཤོག་ཁག་ཧའོ་རྡི་ཡིས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ཡེ་མེན་སྲིད་གཞུང་ཡོངས་སུ་སྟངས་འཛིན་བྱས་ཏེ་གྲོས་ཚོགས་སྒོ་བརྒྱབ་པའི་རྗེས། སོ་རྡི་ཨ་རབ་གཙོས་པའི་ཁྱིམ་མཚེས་ཀྱི་ཁ་ཆེའི་རྒྱལ་ཁབ་བཅུ་ལྷག་མཉམ་འབྲེལ་གྱིས་མཁའ་ལམ་ནས་ཡེ་མེན་ནང་གི་ཧའོ་རྡི་གྱེན་ལངས་ཤོག་ཁག་ལ་རྒོལ་རྡུང་གཏོང་བཞིན་པ་དང་། ཨ་རིས་མཉམ་འབྲེལ་དམག་དཔུང་ལ་མཁའ་རྡུང་གི་དམག་ཇུས་ལམ་སྟོན་དང་གསང་བའི་གནས་ཚུལ་མཁོ་སྒྲུབ་སོགས་ཀྱི་རོགས་རམ་བྱེད་བཞིན་ཡོད་ལ། ད་ལྟའི་ཆར་ཡེ་མེན་ནང་གི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་གནས་སྐབས་རིང་སྒོ་བརྒྱབ་སྟེ། རྒྱལ་ཁབ་སོ་སོའི་མི་སེར་རྣམས་ཡེ་མེན་ནས་ཕྱིར་འཐེན་བྱས་ཡོད།
ཡེ་མེན་ནི་ལྷོ་ནུབ་ཨེ་ཤི་ཡའི་ས་ཁུལ་དུ་ཆགས་པའི་ཨ་རབ་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ཕྱི་ལོ་༡༩༦༢ ལོར་ཡེ་མེན་གྱི་བྱང་ཕྱོགས་སུ་གསར་བརྗེའི་ཟིང་འཁྲུག་བྱུང་པ་ནས་བཟུང་། ཁ་ཆེའི་སྟོན་པ་མུ་ཧཱ་མེ་ཌི་ (Muhammad) ཡི་རིགས་རྒྱུད་ཡིན་སྐོར་བརྗོད་བཞིན་པའི་ཛེ་རྡི་(ཧའོ་རྡི) (Houthi) ཆོས་བརྒྱུད་ཀྱི་བླ་མས་མི་ལོ་༡༠༠༠ ལྷག་གི་རིང་དབང་བསྒྱུར་མཇུག་བསྡུས། སཱ་རྡའ་ (Sa’dah ) ཡི་བྱང་ཕྱོགས་ནི་ཁོང་ཚོའི་གནས་ཡུལ་གཙོ་བོ་ཡིན་པ་དང་། ཡེ་མེན་སྲིད་གཞུང་ལ་ས་ཁུལ་དེར་དབང་ཆ་ཆུང་ངུ་ཙམ་ཡོད་ཀྱང་། ཧའོ་རྡི་ཤོག་ཁག་གིས་དབང་ཆ་ཤོར་བ་ནས་བཟུང་ཡེ་མེན་གཞུང་གིས་ས་ཁུལ་དེའི་དཔལ་འབྱོར་ཡར་རྒྱས་ལ་སྣང་མེད་ཀྱིས་རྗེས་ལུས་ཆེན་པོ་ཐེབས་ཡོད།
ཕྱི་ལོ་༡༩༩༤ ལོར་ཡེ་མེན་ནང་ཁུལ་དུ་དམག་འཁྲུག་བྱུང་སྐབས་ཝ་ཧ་བྷི་ཞེས་འབོད་པའི་ཤི་ཡ་ཁ་ཆེའི་ལྟ་བ་མཁྲེགས་འཛིན་ཤོག་ཁག་གིས། ཁྱིམ་མཚེས་རྒྱལ་ཁབ་སོ་རྡི་ཨ་རབ་ནས་རོགས་རམ་འཚོལ་ཏེ་གཞུང་གིས་ལྷོ་ཕྱོགས་ཀྱི་ཁ་བྲལ་རིང་ལུགས་པར་ངོ་རྒོལ་གྱི་འཐབ་འཁྲུག་ཁྲོད་ཞུགས་ཡོད་ཅིང་། སྐབས་དེར་ཛེ་རྡི་ཡིས་ཝ་ཧ་བྷི་ཤོག་ཁག་ལ་ཡེ་མེན་ནང་དུ་དབང་ཤུགས་ཆེན་པོ་ཡོད་པར་སྐྱོན་བརྗོད་དང་། སོ་རྡི་ཨ་རབ་བྷི་ཡ་ཡིས་ཡེ་མེན་ནང་འཁྲུག་ལ་ཐེ་བྱུས་བྱས་པར་ངོ་རྒོལ་དྲག་པོ་བྱས་ཡོད།
དུས་དེ་ནས་བཟུང་ཡེ་མེན་ནང་ཁུལ་གྱི་དཀའ་རྙོག་རྒྱུན་མ་ཆད་པར་ལོ་རེར་བཞིན་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོའི་ཟླ་༨ པའི་ཚེས་༡༨ ཉིན་ཧའོ་རྡི་སི་ཡིས་རྒྱལ་ས་སཱ་ནཱ་ཧ་རུ་གཞི་རྒྱ་ཆེའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། གཞུང་གིས་རྡོ་སྣུམ་གྱི་རིན་གོང་སྤར་ཆ་ལ་ངོ་རྒོལ་བྱས་ཡོད། ལོ་དེའི་ཕྱི་ཟླ་༩ པའི་ཚེས་༢༡ ཉིན་ཧའོ་རྡི་ཡིས་རྒྱལ་ས་སཱ་ནཱ་ཧ་སྟངས་འཛིན་བྱས་ཐུབ་པ་བྱུང་ཡོད་ཅིང་། དེའི་རྗེས་རྒྱལ་ཁབ་དེའི་སྲིད་བློན་གྱིས་ཧའོ་རྡི་ཡི་གནོན་ཤུགས་འོག་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཏེ། ཧའོ་རྡི་ཡིས་ཆབ་སྲིད་ཚོགས་པ་གཞན་ཁག་དང་མཉམ་འབྲེལ་གྱི་སྲིད་གཞུང་འཛུགས་རྒྱུའི་གྲོས་ཆོད་ལ་མཚན་རྟགས་བཀོད། ངོ་རྒོལ་དེར་བརྟེན་ནས་ཧའོ་རྡི་དང་སྲིད་གཞུང་བར་འཐབ་འཁྲུག་བྱུང་ཡོད་པ་མ་ཟད། ཧའོ་རྡི་དང་ཨལ་ཁ་ཌ་བར་དུའང་འགལ་ཟླ་བྱུང་། རྒྱལ་ས་སཱ་ནཱ་ཧ་རུ་ཤི་ཡ་ཁ་ཆེའི་ངོ་ལོག་ཤོག་ཁག་དང་སོ་ནི་ཁ་ཆེའི་དམག་དཔུང་བར་བདུན་ཕྲག་གཅིག་ལྷག་འཐབ་འཁྲུག་བྱུང་པའི་ཁྲོད། ཁྱོན་མི་༣༤༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་ཅིང་། དེའི་རྗེས་སུ་གཞུང་གསར་པ་བཙུགས་ཡོད་ཀྱང་ཧའོ་རྡི་དང་ཆབ་སྲིད་ཚོགས་པ་གཞན་གཉིས་འཛུལ་ཞུགས་བྱས་མེད།
ཧའོ་རྡི་ཤོག་ཁག་གིས་སྤེལ་བའི་ཞི་དྲག་གཉིས་ཀྱི་ངོ་རྒོལ་ལས་འགུལ་ཤུགས་ཆེ་རུ་སོང་སྟེ་རྒྱལ་ས་སཱ་ནཱ་ཧ་ཡི་ཕྱེད་ཀ་ཁོང་ཚོའི་དབང་དུ་བསྡུས་པ་དང་། ཕྱི་ལོ་༢༠༡༥ ལོའི་ཟླ་དང་པོའི་ནང་ཁོང་ཚོས་ཡེ་མེན་མི་མང་གི་ཆེད་དུ་འཐབ་རྩོད་ཅེས་པའི་འབོད་ཚིག་འོག་གཞུང་གི་ལས་དོན་འཐུས་ཤོར་ལ་སྐྱོན་བརྗོད་དང་། ལྐོག་ཟ་རུལ་སུངས་མཚམས་འཇོག རྒྱུན་ལྡན་གྱི་གློག་ཤུགས་མཁོ་འདོན། རྡོ་སྣུམ་རིན་གོང་། ཡེ་མེན་མི་སེར་གྱི་ལས་ཞུགས་གོ་སྐབས། ནུབ་ཕྱོགས་ཀྱི་ཤུགས་རྐྱེན་མཚམས་འཇོག་སོགས་ལ་ངོ་རྒོལ་ཤུགས་ཆེན་བྱས་པའི་རྗེས། ཧའོ་རྡི་ཤོག་ཁག་གིས་ཡེ་མེན་སྲིད་འཛིན་གྱིས་ཤར་ཕྱོགས་མངའ་ཁུལ་གྱི་ཨལ་ཁ་ཌ་འཇིགས་སྐུལ་ཚོགས་པར་གོ་མཚོན་མཁོ་སྤྲོད་ཀྱི་ཉེས་འཛུགས་འོག ལོ་དེའི་ཕྱི་ཟླ་༡ པའི་ནང་རྒྱལ་ས་སཱ་ནཱ་ཡི་སྲིད་འཛིན་ཕོ་བྲང་མཐའ་བསྐོར་བ་དང་། སྲིད་འཛིན་དང་ཁོང་གི་བློན་ཆེན་ཆ་ཚང་གིས་ལས་གནས་ནས་དགོངས་ཞུ་བྱས་ཏེ་གྲོས་ཚོགས་སྒོ་བརྒྱབ། དེ་ནས་བཟུང་ཡེ་མེན་རྒྱལ་ཡོངས་ཧའོ་རྡི་ཤོག་ཁག་གི་སྟངས་འཛིན་འོག་ཡོད་པའི་གསལ་བསྒྲགས་སྤེལ་བ་དང་དུས་མཚུངས། གསར་བརྗེ་ཚོགས་ཆུང་ཟེར་བ་ཞིག་གསར་ཏུ་བཙུགས་པ་དང་། ཧའོ་རྡི་ཤོག་ཁག་གི་མི་ཞིག་གིས་ཚོགས་ཆུང་དེའི་འགོ་ཁྲིད།
ཧའོ་རྡི་གྱེན་ལངས་ཤོག་ཁག་གིས་ཡེ་མེན་ཡོངས་རྫོགས་སྟངས་འཛིན་བྱས་པའི་རྗེས། སོ་རྡི་ཨ་རབ་གཙོས་པའི་རྒྱལ་ཁབ་ཁག་མ་དགའ་བ་ཆེན་པོ་བྱུང་སྟེ། ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༣ པའི་ཚེས་༡༥ ཉིན། སོ་རྡི་ཨ་རབ་གཙོས་པའི་ཨ་རབ་ནང་ཁུལ་གྱི་རྒྱལ་ཁབ་ཁག་གི་མཉམ་འབྲེལ་དམག་དཔུང་གིས་མཁའ་ལམ་ནས་ཡེ་མེན་ནང་གི་ཧའོ་རྡི་གྱེན་ལངས་ཤོག་ཁག་ལ་རྒོལ་རྡུང་གི་བྱ་སྤྱོད་སྤེལ་པ་དང་། ཨ་རིས་རྒྱལ་ཁབ་དེ་དག་ལ་གོ་མཚོན་མཁོ་སྤྲོད་དང་དམག་ཇུས་ལམ་སྟོན། དེ་བཞིན་གསང་བའི་གནས་ཚུལ་མཁོ་སྒྲུབ་སོགས་ཀྱི་རོགས་རམ་བྱེད་བཞིན་ཡོད་ལ། མཁའ་ལམ་གཏོར་རྒོལ་དེའི་ཁྲོད་བུད་མེད་དང་བྱིས་པ་ཚུད་པའི་སེར་དཀྱུས་མ་༡༨ བསད་པ་དང་མི་༢༤ ལ་རྨས་སྐྱོན་བཟོས།
མཉམ་འབྲེལ་དམག་དཔུང་གིས་ཡེ་མེན་ནང་ཧའོ་རྡི་ཡི་ཐོག་ཏུ་མཁའ་ལམ་གཏོར་རྒོལ་བྱས་པའི་རྗེས། ཧའོ་རྡི་ཡི་མགྲིན་ཚབ་པས་བྱ་སྤྱོད་དེ་ནི་ཡེ་མེན་ཐོག་དམག་འཁྲུག་གི་བྱ་སྤྱོད་སྤེལ་བའི་གསལ་བསྒྲགས་ཤིག་དང་མཚུངས་སྐོར་བརྗོད་ཡོད་པ་དང་། ཨི་རན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཕྱིའི་རྒྱལ་ཁབ་ཁག་གིས་ཡེ་མེན་ལ་ཐེ་བྱུས་བྱས་པ་ཡིས། མི་གསོད་ཁྲག་སྦྱོར་ཇེ་མང་དུ་ཕྱིན་རྒྱུ་ལས་ཕན་ཐོགས་གང་ཡང་མེད་སྐོར་བརྗོད་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་འགས། ཡེ་མེན་ནང་ཁུལ་གྱི་ཟིང་འཁྲུག་ནི་སོ་རྡི་ཨ་རབ་བྷི་ཡ་དང་ཨི་རན་གཉིས་བར་གྱི་གྲང་དམག་ཅིག་ལ་ངོས་འཛིན་བྱེད་བཞིན་པ་དང་། ཨི་རན་གཞུང་གིས་ཡེ་མེན་གྱི་ཧའོ་རྡི་ཤོག་ཁག་ལ་གོ་མཚོན་མཁོ་སྤྲོད་བྱེད་བཞིན་པ་ཧ་ཅང་མངོན་གསལ་དུ་གྱུར་ཡོད། ཡིན་ནའང་ཡེ་མེན་ནང་ཁུལ་གྱི་དཀའ་རྙོག་དང་འགལ་ཟླའི་བྱུང་རིམ་གྱི་ལོ་རྒྱུས་ལ་གཞིགས་ཏེ་བཤད་ན། དེ་ནི་སོ་རྡི་ཨ་རབ་དང་ཨི་རན། དེ་བཞིན་སོ་ནི་དང་ཤི་ཡ་ཁ་ཆེའི་བར་གྱི་འགལ་ཟླ་ཙམ་མ་ཡིན་པར། ལོ་རྒྱུས་རང་བཞིན་ཅན་གྱི་རྒྱབ་ལྗོངས་གཏིང་ཟབ་པོ་དང་ཧ་ཅང་རྙོག་འཛིང་ཅན་གྱི་དཀའ་རྙོག་ཅིག་ཡིན་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།