བོད་རིགས་དཔོན་པོ་མཐོ་གྲས་ཤིག་རུལ་སུངས་དང་འབྲེལ་བའི་ཉེས་འཛུགས་འོག་འཇུ་བཟུང་།
བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཁ་ས་ཁུལ་གྱི་དམར་ཤོག་དྲུང་ཆེ་ཟུར་པ་བློ་བཟང་ཚེ་རིང་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་འཛུགས་འོག་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་སྤེལ་ཏེ་ཟླ་ཤས་སོང་བའི་རྗེས། ད་ལྟ་དངོས་སུ་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཁ་ས་ཁུལ་གྱི་དམར་ཤོག་དྲུང་ཆེ་ཟུར་པ་བློ་བཟང་ཚེ་རིང་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་འཛུགས་འོག་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་སྤེལ་ཏེ་ཟླ་ཤས་སོང་བའི་རྗེས། ད་ལྟ་དངོས་སུ་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག
འདི་ལོའི་ཕྱི་ཟླ་དང་པོའི་ནང་། ཕྱི་ལོ་༢༠༡༤ ལོར་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་༡༥ ཙམ་ཆབ་སྲིད་སྒྲིག་གཞི་དང་ཚབས་ཆེ་འགལ་བའི་ཉེས་འཛུགས་འོག ཏང་སྲིད་སྒྲིག་གསུམ་གྱི་ཐོག་ནས་ཁྲིམས་ཆད་གཅོད་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཟླ་དེའི་ནང་བློ་བཟང་ཚེ་རིང་ལ་ཚབས་ཆེའི་སྒྲིག་འགལ་དང་འབྲེལ་བའི་གནད་དོན་འོག་ཞིབ་བཤེར་བྱེེད་བཞིན་པའི་གནས་ཚུལ་སྤེལ་ཡོད།
ཟླ་འདིའི་ཕྱི་ཚེས་༡༨ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་མི་མང་ཞིབ་དཔྱོད་ཁང་ཟེར་བས་གསལ་བསྒྲགས་སྤེལ་བའི་ནང་། ལྐོག་རྔན་བླངས་པའི་ནག་ཉེས་དང་འབྲེལ་བའི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་དམར་ཤོག་དྲུང་ཆེ་ཟུར་པ་བློ་བཟང་ཚེ་རིང་དངོས་སུ་འཇུ་བཟུང་བྱས་ཡོད་ཅིང་། གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། བློ་བཟང་ཚེ་རིང་གིས་བོད་ལྗོངས་ཆབ་མདོ་ཟེར་བ་དང་། ཉིང་ཁྲི། གཞིས་ཀ་རྩེ། ལྷོ་ཁ་སོགས་ཀྱི་ས་ཁུལ་ཁག་ཏུ་གལ་ཆེའི་ལས་གནས་ཀྱི་འགན་ཁུར་མྱོང་ཡོད་འདུག་ལ། མིག་སྔར་རང་སྐྱོང་ལྗོངས་ཀྱིས་ཡོངས་གྲགས་ཐོག་ཞིབ་བཤེར་བྱས་པའི་དཔོན་པོ་རིམ་པ་མཐོ་ཤོས་ཆགས་ཡོད་པ་རེད།
རྒྱ་ནག་གི་ཁྲིམས་ལུགས་དང་གསར་འགྱུར་བརྒྱུད་ལམ་ཕྱི་གསལ་ནང་གསལ་མིན་པའི་རྐྱེན་གྱིས། བློ་བཟང་ཚེ་རིང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གཅིག་པུར་བརྟེན་ནས་འཇུ་བཟུང་བྱས་པ་ཡིན་པ་ཁ་ཚོན་བཅད་ནས་བཤད་མི་ཐུབ་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་མང་པོས། རྒྱ་ནག་གཞུང་གིས་བོད་མིའི་སེམས་ཁོངས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་མེད་པ་བཟོ་ཐབས་བྱེད་བཞིན་པའི་ཉེན་བརྡ་བཏང་མྱོང་། དེར་བརྟེན་རུལ་སུངས་ལ་རྒོལ་བའི་མིང་ཐོག་ནས། ཏཱ་ལའི་བླ་མ་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་བྱེད་མཁན་གྱི་བོད་རིགས་དཔོན་པོ་ཚར་གཅོད་སྲིད་པ་ཞིག་ཀྱང་རེད།
བློ་བཟང་ཚེ་རིང་ལགས་ནི་ཕྱི་ལོ་༡༩༥༢ ལོའི་ཕྱི་ཟླ་༡༠ པའི་ནང་བོད་ལྗོངས་ཆབ་མདོ་ཟེར་བའི་ས་ཁུལ་དུ་སྐྱེས་ཤིང་། ལས་ཐོག་ཞིབ་འཇུག་སློབ་མའི་ཤེས་ཚད་ལྡན། ཕྱི་ལོ་༡༩༧༠ ལོའི་ཕྱི་ཟླ་༩ པའི་ནང་ལས་ཀར་ཞུགས་པ་དང་། ཕྱི་ལོ་༡༩༧༣ ལོའི་ཟླ་༧ པའི་ནང་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱས་ཏེ། སྔ་རྗེས་སུ་ཆབ་མདོ་དང་ཉིང་ཁྲི། གཞིས་ཀ་རྩེ། ལྷོ་ཁ་ས་ཁུལ་སོགས་སུ་ལས་ཀ་བྱས་པ་མ་ཟད། བོད་ལྗོངས་ལྷོ་ཁ་ས་ཁུལ་ཟེར་བའི་དམར་ཤོག་དྲུང་ཆེ་དང་མི་དམངས་འཐུས་རྒྱུན་འགན་འཛིན་བཅས་ཀྱི་འགན་ཁུར།
དེ་བཞིན་རྒྱ་ནག་དམར་ཤོག་དབུས་འཐབ་ཕྱོགས་གཅིག་ལས་ཁུངས་ཀྱི་འགན་འཛིན་སུན་ཁྲུན་ནེ་ཡིས་ཟླ་འདིའི་ཕྱི་ཚེས་༡༥ ནས་༡༨ བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ལྟ་སྐོར་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་སྤེལ་བའི་གཏམ་བཤད་མང་ཤོས་ནང་། རྒྱལ་གཅེས་ཆོས་གཅེས་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། ཁ་བྲལ་དང་གཏོར་བཤིག་གི་ལས་འགུལ་ཡོངས་རྫོགས་མེད་པར་བཟོ་དགོས་སྐོར་བརྗོད་ཡོད།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲན་ཆུན་གོ་ཡིས་དེ་དང་དུས་བསྟུན་ནས་“སུན་ཁྲུན་ནེ་ཡི་གཏམ་བཤད་ནང་དོན་”ལ་སློབ་སྦྱོང་གི་ཚོགས་འདུ་གཙོ་སྐྱོང་བྱས་ཏེ། དོན་ཚན་པ་བཅུ་གཅིག་དམ་འཛིན་བྱེད་དགོས་སྐོར་བསྒྲགས་ཡོད་པའི་ནང་། “ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་རུ་ཁག་ལ་མཚང་འབྱིན་དགག་རྒྱག་གཏིང་ཟབ་དང་། དབུ་མའི་ལམ་གྱི་ངོ་གདོང་ངོ་མ་ངོས་འཛིན་གསལ་པོ་བྱེད་པ། རང་འགུལ་གྱིས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་རུ་ཁག་དང་འབྲེལ་ཐག་གཅོད་པ་”སོགས་ཚུད་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་འགས་བརྗོད་པ་ལྟར་ན། རྒྱ་ནག་དམར་ཤོག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༨༠ ཕེབས་པའི་འཁྲུངས་སྐར་སླེབས་ལ་ཉེ་བའི་སྔོན། བོད་རང་སྐྱོངས་ཟེར་བའི་ས་ཁུལ་དུ་ཡོང་སྟེ་གོང་བརྗོད་ཀྱི་གཏམ་བཤད་སྤེལ་དགོས་དོན་ནི། ས་གནས་སྲིད་གཞུང་ལ་ཉེན་བརྡའི་ཚུལ་དུ། བོད་མི་ཚོས་རྣམ་པ་ཅི་རིགས་ཀྱི་འཁྲུངས་སྐར་སྲུང་བརྩི་ཡོངས་རྫོགས་སྔོན་འགོག་གི་ཆེད་ཡིན་སྲིད་པ་ཞིག་ཡིན་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།