ང་ཚོས་ལངས་ཕྱོགས་གཉིས་ཀའི་ཐོག་ནས་ཤུགས་རྒྱག་དགོས་པ་གལ་ཆེར་མཐོང།
རྒྱ་གར་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་རྗོ་ཙི་ན་ས་ར་རྗོར་རྗི་ལགས་ལ་འདས་པའི་ལོ་མང་རིང་བོད་དོན་ཐོག་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་བོད་པའི་ཆབ་སྲིད་ཀྱི་གནས་བབ་དང་། བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས། དེ་བཞིན་བཙན་བྱོལ་བོད་པའི་ཆབ་སྲིད་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་ཡོད།
རྗོ་ཙི་ནཱ་ས་ར་རྗོར་རྗི་(Jyotsna Sara George)ལགས་ནི་བོད་དོན་འཐབ་རྩོད་ལ་དོ་སྣང་དང་མཉམ་ཞུགས་བྱེད་མཁན་མང་པོ་ཞིག་ལ་རྒྱུས་མངའ་ཡོད་པའི་བུད་མེད་ཅིག་རེད་ལ། བཞུགས་སྒར་ངྷ་སའི་ཉེ་འཁོར་དུ་ངོ་མི་ཤེས་མཁན་བོད་པ་ཕལ་ཆེར་མེད་ཟེར་ནའང་འགྲིག ཁོང་མོ་ཐོག་མར་ཕྱི་ལོ་༢༠༡༠ ལོར་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་འཛུལ་ཡོད་པ་དང། སྐབས་དེར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་ཞོར་བོད་དོན་དང་འབྲེལ་བའི་འགུལ་སྣ་ཚོགས་གོ་སྒྲིག་དང་། མཉམ་ཞུགས་བྱས་པ་སོགས་མཐའ་གཅིག་ཏུ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་གར་གཞོན་སྐྱེས་ཤིག་རེད། ཕྱི་ལོ་༢༠༡༡ ནས་༢༠༡༣ བར་ཧྥ་རིན་སི་ལ་གཙུག་ལག་རམ་འབྱམས་པའི་སློབ་སྦྱོང་བྱེད་པར་ཕྱིན་པ་དང། དེ་གར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པར་འཛུལ་ནས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་འདྲ་མིན་ལ་ཞུགས། ཕྱི་ལོ་༢༠༡༤ ཟླ་༤་ནས་བཟུང་ངྷ་སར་ཡོད་པའི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ཁུངས་ཀྱི་ལས་འགུལ་འགན་འཛིན་གྱི་འགན་འཁུར་མུས་ཡིན་ལ། བོད་དོན་ཐོག་ལོ་མང་རིང་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་བོད་པའི་ཆབ་སྲིད་ཀྱི་གནས་བབ་ཙམ་མ་ཡིན་པར། བོད་པའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་སྣང་ཚུལ། དེ་བཞིན་བཙན་བྱོལ་བོད་པའི་ཆབ་སྲིད་སོགས་ལ་དོ་སྣང་དང་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་པས། ཕྱི་ཟླ་༧ པའི་ཚེས་༣༠ ཉིན་ཁོང་མོར་བོད་ཀྱི་འཐབ་རྩོད་གནས་བབ་དང། བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་གནས་བབ། དེ་བཞིན་མོ་རང་གི་ཉམས་མྱོང་སོགས་ཀྱི་ཐོག་ལ་བཅར་འདྲི་བྱས་ཡོད།
དྲི་བ། ཉེ་ཆར་སུམ་ཅུའི་དུས་དྲན་ཉིན་ནེའི་ཡོག་ཏུ་རང་བཙན་དང་དབུ་མའི་ལམ་གྱི་རྒྱབ་སྐྱོར་ཤོག་ཁག་བར་བྱུང་བའི་དོན་རྐྱེན་དེའི་ཐོག་ལ་ བསམ་ཚུལ་གང་འདྲ་ཡོད།
ལན། དོན་རྐྱེན་དེ་ནི་ངོ་ཚ་དང་བློ་ཕམ་གྱི་གནས་ཚུལ་ཞིག་དང་། དེ་བཞིན་ནུས་ཤུགས་ཆུད་ཟོས་བཏང་བ་ཞིག་རེད། ཉིན་མོ་དེ་ནི་ང་ཚོས་ཕྱི་ལོ་༡༩༥༩ ཟླ་༣ཚེས་༡༠ ཉིན་བོད་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་སྙིང་སྟོབས་དང། ད་ལྟ་བར་དུ་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་ལ་སེམས་ཤུགས་མ་ཆག་པར་མུ་མཐུད་གདོང་ལེན་བྱེད་བཞིན་པའི་བོད་ནང་གི་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་དྲན་གསོ་བྱེད་པའི་ཉིན་མོ་ཞིག་ཡིན་ཡིན་ནའང་། བོད་པ་རྣམས་ཀྱིས་ཉིན་དེའི་དགོས་པ་དང་ཁ་གཏད་སུ་ཡིན་པ་དྲན་པ་བརྗེད་པ་མ་ཟད། ནང་ཁུལ་ལ་དབྱེ་འབྱེད་དང་འཐབ་འཛིངས་བྱས་པ་དེ་ནི་བོད་ནང་དུ་ཡོད་པའི་བོད་པ་རྣམས་ཀྱི་ང་ཚོར་བཅངས་བའི་རེ་བ་དང་ཡིད་ཆེས་དང་ལེན་བྱས་མ་ཐུབ་པ་ཞིག་རེད། ཉིན་དེ་ནི་བློ་ཧ་ཅང་ཕམ་དགོས་པ་ཞིག་རེད་དེ་ཡིན་ཡང། ང་ཚོ་མང་པོ་ཞིག་གིས་དོན་རྐྱེན་དེས་སེམས་ཤུགས་ཆགས་མ་བཅུག་པར། དམིགས་ཡུལ་གཙོ་བོ་དེ་སེམས་ལ་བཞག་ནས་སྔར་ལས་ལྷག་པའི་སེམས་ཤུགས་བསྐྱེད་ནས་ལས་འགུལ་ལ་ཞུགས་ཐུབ་པ་དེར་གུས་མོ་ཤིན་ཏུ་དགའ་པོ་བྱུང་།
དྲི་བ། ༧གོང་ས་མཆོག་དགུང་ལོ་༨༠ ཕེབས་པ་དེར་ཁྱེད་རང་ལ་རེ་བ་དང་སེམས་ཁྲལ་གང་ཞིག་ཡོད་དམ།
ལན། ༧གོང་ས་མཆོག་དགུང་ལོ་༨༠ ཕེབས་པ་དང་ད་བར་ཁོང་རྒྱ་གར་ལ་བཞུགས་ནས་ང་ཚོར་སེམས་འགུལ་ཐེབས་པའི་བཀའ་སློབ་ལམ་སྟོན་གནང་བཞིན་པའི་དུས་སྐབས་འདི། ང་རང་དངོས་སུ་ཉམས་སུ་མྱོང་རྒྱུ་བྱུང་པ་འདི་བསོད་ནམས་ཆེན་པོ་ཡིན་བསམ་གྱི་འདུག ཡིན་ཡང་ཁོང་དགུང་ལོ་༨༠ ཕེབས་པ་དེ་ང་ཚོར་དྲན་སྐུལ་ཞིག་ཀྱང་རེད། ང་ཚོས་ནུས་ཤུགས་ཡོད་ཚད་བེད་སྤྱད་ནས་བོད་དོན་དཀའ་རྙོག་སེལ་ཐབས་ལ་འབད་དགོས་རྒྱུ་ཧ་ཅང་ཧལ་ཆེ། ང་རང་གི་སེམས་ཁྲལ་གཙོ་བོ་ཞིག་ནི་མ་འོངས་པར་༧གོང་ས་མཆོག་མ་བཞུགས་པའི་དུས་ཞིག་ཤཪ་ཚེ། བོད་མི་མང་དང་སྒྲིག་འཛུགས། དེ་བཞིན་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ཐོག་སེམས་འཚབ་ཡོད།
དྲི་བ། ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་བསྡུའི་ཁྱབ་བསྒྲགས་འགྲོ་བཞིན་ཡོད་པ་དང། ཁྱེད་རང་གི་བསམ་ཚུལ་ལ་ང་ཚོར་ཆབ་སྲིད་པ་དང་འཐབ་རྩོད་པ་གཉིས་གང་དགོས་མཁོ་ཆེ།
ལན། ངའི་བསམ་ཚུལ་ལ་སྲིད་སྐྱོང་དེ་ཆབ་སྲིད་པ་དང་འཐབ་རྩོད་པ་གཉིས་ཀའི་རྣམ་དཔྱོད་ཆ་སྙོམས་པ་ཡོད་པ་ཞིག་སླེབས་ན་ཡག་པོ་འདུག ཁོང་ལ་ཕྱི་འབྲེལ་གྱི་ཐབས་བྱུས་ལྡན་པ་གང་ཞིག་ལ་མི་མང་དང་མཉམ་དུ་ལས་ཀ་བྱས་མྱོང་མཁན། ལས་འགུལ་གོ་སྒྲིག་གནང་མྱོང་བ། དེ་བཞིན་མི་མང་གི་འཚོ་བའི་གནས་སྟངས་ལ་བསམ་ཤེས་ཐུབ་མཁན། གཙོ་ཆེར་བོད་ནང་གི་གནས་སྟངས་ཐོག་ལ་ཐབས་བྱུས་ལྡན་པའི་ཐོག་ནས་ལས་ཀ་བྱེད་ཐུབ་མཁན་ཞིག་དགོས་པ་གལ་ཆེར་མཐོང་།
དྲི་བ། བོད་པའི་སྤྱི་ཚོགས་ནང་རང་ཉིད་ཀྱི་བསམ་ཚུལ་འཛེམས་ཟོན་མེད་པར་བཤད་མཁན་འཇམ་དབྱངས་ནོར་བུ་དང། ལྷ་བཟང་ཚེ་རིང་སོགས་ལ་མི་མང་གི་ལྟ་ཚུལ་ཡག་པོ་མེད་པའི་ཁར། ཁོང་ཚོར་སྐྱོན་བརྗོད་དང་སྤྱི་ཚོགས་ནས་ཟུར་བཏོན་སོགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་དེར་ཁྱེད་རང་ལ་བསམ་ཚུལ་གང་ཡོད།
ལན། ངས་བྱས་ན་མང་གཙོ་ཞེས་པ་དེ་ཆ་ཚང་བ་ཞིག་རྟོགས་རྒྱུ་དང་ཉམས་སུ་བླངས་རྒྱུར་དུས་ཚོད་འགོར་གྱི་རེད། མི་གཞན་གྱི་བསམ་ཚུལ་ལ་གུས་ཞབས་དང། དེ་དག་ལ་བཤད་སའི་སྡིངས་ཆ་སྤྲོད་རྒྱུ་ཡང་གལ་ཆེན་པོ་ཡིན་པས། བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར་གཞན་གྱི་ནང་ལ་ཡང་བསམ་ཚུལ་མི་འདྲ་བ་དག་ལ་སྤྱི་ཚོགས་ནས་དང་ལེན་མི་བྱེད་པ་དང་དོ་བདག་དེ་རྣམས་ཟུར་བཏོན་བྱེད་ཀྱི་ཡོད་པ་དེ་ཡག་པོ་མ་རེད། ཡིན་ཡང་དེང་སང་བོད་པའི་གཞོན་སྐྱེས་མང་པོ་ཞིག་གིས་རང་གི་བསམ་ཚུལ་རྩོམ་དང་སྙན་ངག་སོགས་ཀྱི་ལམ་ནས། ངོ་དེབ་དང་དྲྭ་རྒྱའི་སྟེང་དུ་བཀོད་མཁན་མང་དུ་འགྲོ་བཞིན་འདུག་པས། དེ་ནི་རང་ཉིད་ཀྱི་བསམ་ཚུལ་དང་ཚོར་བ་སོགས་བཤད་སའི་སྡིངས་ཆ་ཡག་པོ་ཞིག་དང་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་བསམ་གྱི་འདུག
དྲི་བ། དེང་གི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་ཁག་དགུ་དབུས་ནས་ལོགས་སུ་ཐོན་ཡོད་པའི་ཐོག་བསམ་ཚུལ་གང་ཡོད།
ལན། ངའི་བསམ་པར་དེ་ནི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་ཁག་ཙམ་མིན་པར་མི་མང་མང་པོ་ཞིག་ཀྱང་མགོ་འཐོམས་ཀྱི་ཡོད་འདུག དེ་འདྲ་སོང་ཙང་སྲིད་སྐྱོང་གསར་པ་དེ་མི་མང་ལ་ལམ་སྟོན་གསལ་པོ་བྱེད་ཐུབ་མཁན་ཞིག་དགོས་ཀྱི་འདུག གང་ཡིན་ཟེར་ན། རྒྱ་གཞུང་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་ཚོགས་པ་ཁག་དང་ཕྱིའི་རྒྱལ་ཁབ་སོགས་ཀྱིས་བཤད་སྟངས་མི་འདྲ་བ་མང་པོ་ཞིག་བཤད་ཡོང་དུས། མི་མང་རྣམས་མགོ་འཐོམས་ཏེ་མི་མང་པོ་ཞིག་གཞོན་ལྷན་གྱི་ལངས་ཕྱོགས་ལས་ཐག་རིང་དུ་འགྲོ་ཡི་ཡོད། ཡིན་ན་ཡང་ང་ཚོས་གཞོན་ལྷན་གྱིས་བོད་པའི་འཐབ་རྩོད་ལ་དཀའ་ལས་ག་ཚོད་བརྒྱབ་ཡོད་པ་དང་ནུས་ཤུགས་གང་མཚམས་སྤྲོད་ཀྱི་ཡོད་པ་དྲན་པ་མ་བརྗེད་པ་བྱེད་དགོས།
དྲི་བ། ནུབ་ཕྱོགས་ལུང་པ་མང་པོ་ཞིག་གི་ནང་བོད་མི་ཚོས་ལུང་པོ་དེ་དག་གི་མི་སེར་ལག་འཁྱེར་བླངས་ཏེ། བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་ཤུགས་ཆེ་སྤེལ་ཐུབ་ཀྱི་ཡོད་པས། གལ་ཏེ་རྒྱ་གར་ནང་བོད་མི་ཚོས་དེ་ལྟར་བྱས་ན་བོད་ཀྱི་འཐབ་རྩོད་ལ་ཕན་གྱི་ཡོད་མེད་ཐོག་ལ་བསམ་ཚུལ་གང་ཡོད།
ལན། ངས་རྒྱ་གར་ནང་བོད་པ་བརྒྱ་ཆ་ཉུང་ཤས་ཤིག་ལ་རྒྱ་གར་གྱི་མི་སེར་ལག་ཁྱེར་བླངས་ཆོག་པའི་ཆ་རྐྱེན་ཡོད་པ་ཤེས་ཀྱི་ཡོད། ངས་བསམ་ཚུལ་ལྟར་ན། བོད་པ་དེ་དག་གིས་མི་སེར་ལག་འཁྱེར་བླངས་ཚེ་བོད་ཀྱི་འཐབ་རྩོད་ལ་ནུས་པ་གསར་པ་ཞིག་སྤྲད་ཐུབ་ཀྱི་རེད། གང་ཡིན་ཟེར་ན། ནུབ་ཕྱོགས་ལུང་པའི་ནང་བོད་དོན་ཞུ་གཏུག་སྐབས། བོད་པ་རྣམས་ལ་ལུང་པ་དེ་དག་གི་མི་སེར་ལག་འཁྱེར་ཡོད་པས་གྲོས་ཚོགས་འཐུས་མི་ཚོས་ཞུ་གཏུག་ལ་ལན་འདེབས་དང་། ཁ་ཡོད་ལག་ཡོད་གྲོས་ཚོགས་ནང་སྐད་ཆ་བཤད་རྒྱུའི་འགན་ཡོད་པས་ནུས་པ་ཆེ་བ་ཐོན་གྱི་ཡོད། འོན་ཀྱང་རྒྱ་གར་ནང་བོད་དོན་ཞུ་གཏུག་པ་མང་པོ་ཞིག་སྐྱབས་བཅོལ་བ་ཡིན་སྟབས། ཞུ་གཏུག་ལ་དེ་ཙམ་གྱི་ནུས་པ་ཐོན་པ་ཡོང་གི་མེད།
དྲི་བ། ལོ་ཤས་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་དོལ་རྒྱལ་རྗེས་འབྲངས་པ་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་དག་གི་འདྲ་པར་དང་ཁོ་ཚོའི་སྐོར་བཀོད་མྱོང་བ་དང། དེང་གི་ཆར་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་དོལ་རྒྱལ་བ་མང་དུ་འགྲོ་བཞིན་ཡོད་པ་དེར་བསམ་ཚུལ་གང་ཡོད།
ལན། ང་རང་ནང་པ་མིན་པས་ཆོས་ཀྱི་ཐོག་ནས་དོལ་རྒྱལ་གྱི་རྙོག་གྲ་དེ་ཤེས་ཀྱི་མེད། འོན་ཀྱང་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་གི་བྱེད་ཐབས་དེ་ཐབས་བྱུས་སྤྱང་པོ་ཞིག་མ་ཡིན་པར་སེམས། དོལ་རྒྱལ་གྱི་རྙོག་གྲ་དེ་ནི་ང་ཚོའི་འཐབ་རྩོད་ལ་བར་ཆད་ཞིག་ཡིན་སྟབས། ང་ཚོས་དེའི་སྐོར་ལ་དུས་ཚོད་དང་ནུས་ཤུགས་མང་པོ་ཞིག་འཕྲོག་བརླག་བཏང་པ་ལས། ཁོ་ཚོར་ཡ་ལན་མ་བྱས་ན་བཟང་། དེང་གི་ཆར་༧གོང་ས་མཆོག་ལ་ངོ་རྒོལ་བ་དེ་ཚོར་ང་ཚོས་ངོ་རྒོལ་བྱ་རྒྱུ་དེ་གལ་ཆེན་པོ་རེད་དེ། ང་རང་སྒེར་གྱི་བསམ་ཚུལ་ལྟར་ན། ནུས་ཤུགས་ཡོད་ཚད་དེའི་ཆེད་དུ་བཏང་བ་ཡིན་ན་མི་འགྲིགས་པར། མཐའ་མར་གནད་དོན་དེ་བོད་མི་ཚོས་ཐག་གཅོད་བྱེད་ཀྱི་རེད།
དྲི་བ། དེང་སང་དགེ་འདུན་པ་མང་པོ་སྤྱི་འཐུས་ཀྱི་འོས་མིར་ལངས་བཞིན་ཡོད་པས་དེའི་ཐོག་བསམ་ཚུལ་གང་ཡོད།
ལན། ང་རང་སྒེར་གྱི་བསམ་ཚུལ་ལ་ཆོས་དང་ཆབ་སྲིད་བསྲེས་ན་མི་འགྲིག། གལ་ཏེ་དགེ་འདུན་པ་མང་པོ་ཞིག་སྤྱི་འཐུས་ཆགས་ན་བོད་ཀྱི་ཆབ་སྲིད་དང་འཐབ་རྩོད་གང་འདྲ་ཆགས་མིན་དེ་རྗེས་སུ་ཤེས་ཀྱི་རེད། ང་རང་གིས་གནད་དོན་དེར་ཕྱོགས་གཅིག་གི་ལྟ་ཚུལ་བཤད་ན་མི་འགྲིག་པས། བོད་མི་མང་གི་དེའི་སྐོར་བགྲོ་གླེང་དང་བསམ་ཚུལ་གང་ཡོད་པ་དེར་དཔྱད་རྒྱུ་གལ་ཆེན་མཐོང།
དྲི་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བར་སྔོན་དང་ད་ལྟའི་འབྲེལ་བ་གང་འདྲ་ཡོད་མེད་སྐོར་ལ་གསུངས་རོགས།
ལན། དེ་སྔོན་འབྲེལ་བ་གང་འདྲ་ཡོད་མེད་ངའི་གསལ་པོ་ཤེས་ཀྱི་མེད་དེ། ངའི་བསམ་པར་ང་ཚོ་ཚོགས་པ་གཉིས་ཀྱིས་དགོས་ངེས་སྐབས་སུ་ལས་འགུལ་མང་པོ་ཞིག་མཉམ་དུ་སྤེལ་མྱོང་། གཞན་རང་རང་སོ་སོའི་གནས་སྟངས་འོག་ལ་ལས་འགུལ་སྤེལ་གྱི་ཡོད།
དྲི་བ། རྒྱ་ནག་གི་གཞུང་ཚབ་ཁག་ལ་སྐད་འབོད་དང་རྒྱ་ནག་གི་རྒྱལ་དར་རྩ་མེད་བཏང་པ་སོགས་ཀྱིས་བོད་དོན་འཐབ་རྩོད་ལ་ཕན་མིན་དང། རྒྱ་རིགས་མི་མང་གི་སེམས་ལ་ཕོག་ཐུག་འགྲོ་མིན་སོགས་ཀྱི་ཐོག་ལ་བསམ་ཚུལ་དང་བགྲོ་གླེང་མང་པོ་ཞིག་ཡོང་གི་ཡོད་པས་དེའི་ཐོག་དགོངས་ཚུལ་གང་འདྲ་ཡོད།
ལན། རྒྱ་ནག་གི་དཔོན་པོ་སོགས་རང་དབང་ལུང་པར་སླེབས་པ་དང་བོད་ནང་གནས་ཚུལ་ཛ་དྲག་ཞིག་བྱུང་དུས། ང་ཚོས་ངེས་པར་དུ་རྒྱ་ནག་གཞུང་ཚབ་ཁང་དང་དཔོན་པོ་དེ་དག་ལ་ངོ་རྒོལ་བྱེད་དགོས། གལ་ཏེ་ང་ཚོས་གང་ཡང་མ་བྱས་ཚེ་འཛམ་གླིང་མི་མང་གིས་རྒྱ་ནག་གི་བཤད་པ་རྣམས་བདེན་པར་འཛིན་སྲིད་པས་ང་ཚོས་གོ་སྐབས་ཚང་མ་དམ་འཛིན་བྱས་ཏེ། གསར་འགོད་པ་སོགས་སྐད་བཏང་སྟེ་བོད་དོན་སྐོར་ཁྱབ་བསྒྲགས་དང་རྒྱ་གཞུང་ལ་ངོ་རྒོལ་གང་མང་བྱེད་དགོས། རྒྱལ་དར་རྩ་མེད་བཏང་བ་དང་རྒྱ་མི་རིགས་ཀྱི་སེམས་ལ་ཕོག་ཐུག་བཏང་བ་དེ་ནི་བོད་མི་མང་པོ་ཞིག་ལོ་མང་བཙོན་འཇུག་དང་སྡུག་ལ་སྦྱར་བ་དང་བསྡུར་ན་གང་ཡང་མ་རེད།
དྲི་བ། སྔོན་མ་དང་བསྡུར་ན་དེང་སང་བོད་ནང་རང་ལུས་མེར་སྲེག་ཀྱི་གནས་ཚུལ་བྱུང་སྐབས། གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་ལ་མཉམ་ཞུགས་བྱེད་མཁན་མི་ཉུང་དུ་ཉུང་དུ་འགྲོ་བཞིན་འདུག་པས། དེར་ཁྱེད་རང་བསམ་ཚུལ་གང་ཡོད།
ལན། མི་སུ་ཡིན་ཡང་སྡུག་བསྔལ་ལ་གདོང་ལེན་བྱ་རྒྱུར་དགའ་པོ་མེད་པར་བརྟེན། ངས་བྱས་ན་བོད་ནང་རང་ལུས་མེར་སྲེག་འདི་འདྲ་མང་པོ་བྱུང་དུས། མི་རྣམས་ལ་སྔ་མ་ནང་བཞིན་གནད་དོན་དེས་ཚོར་བ་དྲག་པོ་སྤྲད་ཀྱི་མེད་པ་རེད་བསམས། མཚམས་རེར་གནད་དོན་དེ་གྲངས་ཀ་ཞིག་ལ་འགྱུར་འགྲོ་ཡི་ཡོད་ཀྱང་སྲིད། འོན་ཀྱང་། མི་ཚང་མས་དེ་ལྟར་ཚོར་གྱི་ཡོད་པའི་མི་ཁྱབ་སྟེ། སྐད་འབོད་དང་མར་མེ་ཁྲོམ་སྐོར་ག་དུས་ཡོད་ཀྱང་སླེབས་བསྡད་མཁན་མང་པོ་ཞིག་ཡོད། ངས་ངོ་ཤེས་པའི་སྤོ་བོ་ཞིག་ག་དུས་ཡིན་ཡང་སླེབས་མཁན་གྲས་ཤིག་རེད། སྤྱིར་མི་ཚང་མས་རང་ཉིད་ཀྱི་འཚོ་བ་སྐྱེལ་དགོས་ཀྱི་ཡོད་དུས། ག་དུས་ཡིན་ཡང་སྐད་འབོད་སོགས་ལ་སླེབས་ཐུབ་རྒྱུ་ཡང་ཁག་པོ་རེད།
དྲི་བ། ཁྱེད་རང་གི་དགོངས་ཚུལ་ལྟར་ན། ང་ཚོ་རང་དབང་ལུང་པར་ཡོད་མཁན་དག་གིས་བོད་ནང་ལུས་པའི་སྤུན་ཟླའི་ཆེད་དུ་ནུས་ཤུགས་ཡོད་ཚད་ཐོག་ནས་འཐབ་རྩོད་བྱེད་ཀྱི་འདུག་གམ།
ལན། ང་ཚོས་ནུས་ཤུགས་ཡོད་ཚད་བཏོན་ནས་འཐབ་རྩོད་བྱེད་ཀྱི་མི་འདུག གལ་ཏེ་ནམ་ཞིག་ང་ཚོའི་སེམས་ལ་དེ་ལྟར་དྲན་ཚེ་དེ་ནི་ཉེན་ཁ་ཆེན་པོ་ཞིག་རེད། བོད་ནང་གི་བོད་མི་ཚོས་ཉིན་མཚན་ལྟོས་མེད་ངང་སེམས་ཞུམ་པ་མེད་པར་གཉའ་གནོན་འོག་ལ་བསྡད་ཀྱི་ཡོད་པས། ང་ཚོས་ཁོང་ཚོའི་ཆེད་འཐབ་རྩོད་རྒྱུན་མི་ཆད་པར། ནུས་ཤུགས་གོང་འཕེལ་གཏོང་དགོས།
དྲི་བ། ཁྱེད་རང་གི་བོད་ནང་དུ་རང་ལུས་མེར་སྲེག་དེ་མཚམས་བཞག་ན་དྲན་གྱི་འདུག་གམ།
ལན། དྲན་གྱི་འདུག ཡིན་ནའང་དེ་ལྟར་ཡོང་བར་བོད་ནང་གི་གནས་སྟངས་ཡར་རྒྱས་གཏོང་དགོས། ང་ཚོས་རྒྱལ་སྤྱིའི་གཞུང་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཆེད་ཀྱི་ལས་འགུལ་དེ་དག་གིས། བོད་ནང་གི་གནས་སྟངས་ཡར་རྒྱས་གཏོང་ཐུབ་པའི་ཡིད་ཆེས་ཡོད། ང་རང་སྒེར་ངོས་ནས་ག་དུས་ཡིན་ཡང་ནུས་ཤུགས་ཚང་མ་བོད་ནང་གི་གནས་སྟངས་ཡར་རྒྱས་ཆེད་བེད་སྤྱད་ནས། རང་ལུས་མེར་སྲེག་གཏོང་མི་དགོས་པ་ཆགས་པར་འབད་བརྩོན་བྱེད་ཀྱི་ཡོད།
དྲི་བ། ཁྱོད་རང་གི་དགོངས་ཚུལ་ལྟར་ན། སི་རི་ཡའི་ཁ་ཆེ་དྲག་སྤྱོད་པའི་གནས་ཚུལ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་བོད་ནང་གི་རང་ལུས་མེར་སྲེག་ལས་དོ་སྣང་ཆེ་བ་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།
ལན། དྲག་སྤྱོད་ཀྱི་གནས་ཚུལ་ལ་དོ་སྣང་དང་དགའ་པོ་བྱེད་པ་ནི་མིའི་རང་བཞིན་ཞིག་ཡིན་པ་དང་། རྒྱུ་མཚན་གཞན་ཞིག་ནི་གནས་ཚུལ་དེ་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་ཙང་རེད། དེ་བཞིན་འཛམ་གླིང་ཐོག་གི་ལུང་པ་མང་པོ་ཞིག་ནང་ཁ་ཆེ་དྲག་སྤྱོད་པ་དང་འཇིགས་སྐུལ་རིང་ལུགས་པར་སེམས་ནང་འཁོན་འཛིན་ཆེན་པོ་ཡོད་པས་ཀྱང་རེད། འོན་ཀྱང་ང་ཚོས་ངོས་ནས་བོད་ཀྱི་གནད་དོན་དེ་བརླག་ཏུ་མ་བཅུག་པར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབས་ཐབས་བྱ་དགོས།
དྲི་བ། ཁྱེད་རང་གི་བལྟས་ན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་བར་གྱི་གྲོས་མོལ་དེར་མ་འོངས་པའི་རེ་བ་འདུག་གམ།
ལན། མ་འོངས་པར་ག་རེ་ཡོང་མེད་ངས་མི་ཤེས་ཏེ། ད་བར་རྒྱ་བོད་བར་གྱི་གྲོལ་མོལ་ལ་གྲུབ་འབྲས་གསལ་པོ་ཞིག་ཐོན་མེད་པ་མ་ཟད། གྲོས་མོལ་མཚམས་ཆད་ནས་ལོ་མང་པོ་ཞིག་ཕྱིན་ཡོད། དེ་བཞིན་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཀྱིས་རྒྱ་ཕྱོགས་ནས་གྲོས་མོལ་ལ་ཡ་ལན་བྱ་འདོད་མེད་པ་གསལ་པོ་གསུངས་ཡོད། ད་ལྟ་ང་ཚོས་རྒྱལ་སྤྱིའི་གཞུང་དང་རྒྱ་གཞུང་ལ་བོད་དོན་ཐོག་གནོན་ཤུགས་མང་པོ་སྤྲོད་ཐབས་བྱེད་ཀྱི་ཡོད་པ་དེས། མ་འོངས་པར་གྲོས་མོལ་སླར་གསོ་བྱ་ཐུབ་སྲིད་པའམ། ཡང་ན་རང་བཙན་གྱི་ལམ་ཕྱོགས་ལ་ཕན་ཐོགས་ཀྱང་སྲིད། གང་ལྟར་ང་ཚོས་རང་བཙན་འཐབ་རྩོད་ཀྱི་ནུས་པ་དེ་ཤུགས་ཆེན་པོ་ཆགས་པ་ཡིན་ན། རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་སླེབས་ཏེ་ཁོ་ཚོས་དབུ་མའི་ལམ་ལ་བསམ་བློ་གཏོང་སྲིད། ང་ཚོས་ལངས་ཕྱོགས་གཉིས་ཀའི་ཐོག་ནས་ཤུགས་རྒྱག་དགོས་པ་གལ་ཆེར་མཐོང།
དྲི་བ། ཁྱེད་རང་གི་ད་བར་བོད་རང་བཙན་སློབ་ཕྲུག་ཚོགས་པར་བོད་དོན་ཐོག་ལས་ཀ་བྱས་པའི་བརྒྱུད་རིམ་ནང་ཉམས་མྱོང་དང་། དཀའ་ངལ་སྐོར་གསུང་རོགས།
ལན། ང་རང་དེ་གར་ལས་ཀ་བྱས་ནས་རང་ཉིད་ཀྱི་རང་བཞིན་དེ་ཧ་གོ་ཐུབ་སོང་དྲན་གྱི་འདུག ངས་བོད་མི་མང་གི་དཀའ་ངལ་ལ་གདོང་ལེན་བྱས་པ་བརྒྱུད། མིའི་སྙིང་སྟོབས་དེ་ནུས་པ་ཆེན་པོ་གང་འདྲ་ཞིག་ཡིན་མིན་ཤེས་པ་དང། དེ་བཞིན་བོད་ཀྱི་འཐབ་རྩོད་དང་ལོ་རྒྱུས་བརྒྱུད་ངས་རང་ཉིད་ཀྱི་ལུང་པའི་ལོ་རྒྱུས་དང་སྤྱི་ཚོགས་སྐོར་ཤེས་རྟོགས་བྱུང། རང་ཉིད་ལ་ཡང་སོ་སོའི་བསམ་བློའི་ཁ་ཕྱོགས་དང་མི་ཚེའི་ནང་བརྩི་མཐོང་བྱེད་ཡུལ་སོགས་ལ། བོད་མི་གནས་སྟངས་མི་འདྲ་བ་མང་པོ་ཞིག་དང་མཉམ་དུ། ལས་ཀ་དང་འབྲེལ་བ་བྱས་པའི་ཉམས་མྱོང་གི་ཤུགས་རྐྱེན་ཆེན་པོ་ཐེབས་སོང།
ང་རང་གི་གདོང་ལེན་བྱས་པའི་དཀའ་ངལ་ཞིག་ནི་བོད་པའི་སྤྱི་ཚོགས་ལུགས་སྲོལ་དང་བོད་སྐད་མི་ཤེས་པས་དེར་འབད་བརྩོན་བྱས་པ་ཡིན། དེ་བཞིན་མཚམས་རེར་ངས་བཤད་པའི་སྐད་ཆ་དག་ཐལ་དྲགས་ཀྱི་མེད་ན་བསམ་པ་སོགས་ཀྱི་རང་ཉིད་རང་ལ་དྲི་བ་སོགས་མང་པོ་ཡོང་གི་ཡོད། གང་ལྟར་ང་རང་གི་བསམ་བློ་དང་གཤིས་ཀ་བོད་དོན་ཐོག་ལས་ཀ་བྱས་པ་བརྒྱུད་འཚར་ལོང་ཡག་པོ་བྱུང་སོང་དྲན་གྱི་འདུག
དྲི་བ། ཁྱེད་རང་གི་བོད་ཀྱི་བང་ཆེན་ཚགས་པར་བརྒྱུད་ནས་བོད་མི་ཚོར་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན། བོད་མི་ཚོ་སེམས་ཤུགས་ནམ་ཡང་མ་ཆགས་ཞུ་རྒྱུ་ཡིན།
གསར་འགོད་པ། སྐལ་བཟང་དོན་གྲུབ།