བལ་ཡུལ་ལ་ཕྱིའི་རྒྱལ་ཁབ་ཁག་གིས་རོགས་སྐྱོར།
བལ་ཡུལ་དུ་ཚད་རིམ་༧.༩ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཉིན་བཞི་པའི་ནང་འགྲོ་བཞིན་པའི་སྐབས་འདིར། འདས་གྲོངས་སུ་གྱུར་པའི་མིའི་ཁ་གྲངས་༥༠༠༠ ལྷག་ལ་ཡར་འཕར་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་རང་ཉིད་ཀྱི་མི་སེར་བལ་ཡུལ་དུ་ཡོད་པ་རྣམས་ཕྱིར་འཐེན་དང།
བལ་ཡུལ་དུ་ཚད་རིམ་༧.༩ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཉིན་བཞི་པའི་ནང་འགྲོ་བཞིན་པའི་སྐབས་འདིར། འདས་གྲོངས་སུ་གྱུར་པའི་མིའི་ཁ་གྲངས་༥༠༠༠ ལྷག་ལ་ཡར་འཕར་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་རང་ཉིད་ཀྱི་མི་སེར་བལ་ཡུལ་དུ་ཡོད་པ་རྣམས་ཕྱིར་འཐེན་དང། རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རོགས་ཚོགས་ཀྱིས་བལ་ཡུལ་ལ་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་པ་རེད།
རྒྱ་གར།
རྒྱ་གར་གྱི་སྲིད་བློན་མོ་ཏི་ཡིས་བལ་ཡུལ་དུ་ས་ཡོམ་བྱུང་པའི་རྗེས་ཀྱི་ཆ་ཚུད་བཞིའི་ནང་ཚུད་དུ་རྒྱ་གར་གྱི་གོད་ཆག་རོགས་སྐྱོར་ཚོགས་མི་༢༨༥ དང། དམག་གྲུ་བཅུ་བཞི། སྤྱིར་བཏང་གནམ་གྲུ་གསུམ། ཐད་འཕུར་གནམ་གྲུ་དྲུག་མཐུན་འགྱུར་བྱས་ཡོད་པ་མ་ཟད། བཟའ་ཆས་ཊན་༢༢ མལ་གཟན་ཊན་༡༠ ། འཐུང་ཆུ་ཊན་༥༠ ། སྨན་རིགས་དགོས་མཁོ་ཊན་༢ ལྷག་དང། སྨན་པ། བཟོ་ལས་འཆར་འགོད་པ་དུ་མ་རོགས་སྐྱོར་དུ་བཏང་ཡོད་འདུག
དེ་བཞིན་གནས་ཚུལ་ནང་ཐོན་པ་ལྟར་ན། ཐེངས་འདིའི་བལ་ཡུལ་ས་ཡོམ་གྱི་གོད་ཆག་ཁྲོད་རྒྱ་གར་གི་མི་སེར་༦༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་དང། ༢༥༩ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང། བལ་ཡུལ་དུ་ཡོད་པའི་རྒྱ་གར་གྱི་མི་སེར་༡༤༠༠ ལྷག་གནམ་ཐང་བརྒྱུད་རྒྱ་གར་དུ་ཕྱིར་འཐེན་བྱས་ཟིན་པ་རེད།
རྒྱ་ནག
རྒྱ་ནག་རྒྱལ་ཡོངས་འགྲིམ་འགྲུལ་ལས་ཁུངས་ཀྱིས་རོགས་དངུལ་ཨ་སྒོར་ས་ཡ་༣་༣ དང། སྨན་རིགས་དགོས་མཁོ་ཊན་༡༣ ། སྨན་པ་༦༠ ། ཉེན་སྐྱོབ་པ་༥༥ ། དམག་མི་༤༥ ཡི་མཐུན་འགྱུར་རོགས་རམ་བྱས་ཡོད། ས་ཡོམ་གོད་ཆག་ཁྲོད་རྒྱ་རིགས་ལྔ་བལ་ཡུལ་དུ་རྐྱེན་འདས་ཕྱིན་ཡོད་པ་དང། མི་༡༨ རྨས་ཡོད་པ་མ་ཟད། རྒྱ་མི་༦༨༣ ལྷག་བལ་ཡལ་ནས་ཕྱིར་འཐེན་བྱས་ཡོད་སྐོར་བརྗོད་འདུག
རྒྱ་ནག་གཞུང་ཚབ་མི་སྣ་ཞིག་གིས་ས་ཡོམ་དེས་རླབས་ཀྱིས་བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་གཏོར་སྐྱོན་བཏང་ཡོད་པ་དང་། བོད་པ་༢༠ ཙམ་ཞིག་འདས་གྲོངས་སུ་གྱུར་ཡོད་པའང་བརྗོད་འདུག
པ་ཀི་སི་ཐན།
ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་གྱིས་གནམ་གྲུ་ཆེན་པོ་བཞིའི་ནང་ཆེད་ལས་སྨན་པ། འཚོལ་ཞིབ་པ། ཉེན་སྐྱོབ་པ། སྐྱོབ་གསོ་དང་སྨན་ཁང་གི་ཉལ་ཁྲི་༣༠ ཙམ་གྱི་མཐུན་རྐྱེན་དང་། བཟའ་ཆས་དང། མལ་ཆས། སྡོད་གུར་གྱི་རོགས་སྐྱོར་བྱས་ཡོད་འདུག
པ་ཀི་སི་ཐན་གྱི་མི་སེར་༣༩ ཙམ་བལ་ཡུལ་ནས་གནམ་གྲུའི་ནང་རང་རྒྱལ་དུ་ཕྱིར་ལོག་ཐུབ་ཡོད་པ་དང་། ད་དུང་མི་༡༠༠ ཙམ་བལ་ཡུལ་ནང་ཡོད་པས་དེ་དག་ལ་འབྲེལ་བ་བྱ་ཐབས་བྱེད་བཞིན་ཡོད་འདུག
ཨོ་སི་ཊོ་ལི་ཡ།
ཨོ་སི་ཊོ་ལི་ཡའི་སྲིད་གཞུང་གི་མི་སེར་༥༤༩ བལ་ཡུལ་དུ་འགྲུལ་སྐྱོད་ཀྱི་ཐོ་འགོད་བྱས་ཡོད་པའི་ནང་ནས། མི་སེར་༢༠༠ བདེ་ཐང་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང། ལྷག་མ་རྣམས་ཤི་གསོན་གྱི་གནས་སྟངས་ད་ལྟའི་ཆར་འཚོལ་ཞིབ་བྱེད་བཞིན་ཡོད་འདུག གོད་ཆག་དེའི་ཁྲོད་ཨོ་སི་ཊོ་ལི་ཡའི་མི་གཅིག་ཇོ་མོ་གླང་མའི་གངས་རུད་འོག་འདས་གྲོངས་སུ་ཕྱིན་འདུག
ཨོ་སི་ཊོ་ལི་ཡའི་སྲིད་གཞུང་ངོས་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཨ་སྒོར་ས་ཡ་༣་༩ བལ་ཡུལ་གཞུང་ལ་རོགས་རམ་ཆེད་སྤྲད་ཡོད་འདུག
ཨི་སེ་རེལ་དང་ཉི་ཧོང།
དེའང་ཨི་སེ་རེལ་གཞུང་ཕྱོགས་ནས་བལ་ཡུལ་ལ་སྐྱོབ་གསོའི་སྨན་རིགས་དང། སྡོད་གུར། གྱོན་ཆས། སྨན་བཅོད་ཀྱི་འཕྲུལ་ཆས། ཕྲུ་གུའི་ཆེད་དམིགས་གསལ་གྱི་སྨན་པ་༢༦༠༣༣ ཙམ་རོགས་སྐྱོར་བཏང་ཡོད་པ་དང། བལ་ཡུལ་དུ་ཨི་སེ་རེལ་མི་༧༠༠ ཙན་ཡོད་པའི་ནང་ནས་༤༠༠ ལ་འབྲེལ་མཐུད་བྱས་ཐུབ་ཡོད་འདུག
དེ་བཞིན་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་ཨ་སྒོར་༢༡༠༠༠༠ དང། མལ་ཆས། སྡོད་གུར་གྱི་རོགས་རམ་བྱས་ཡོད་སྐོར་དང། བལ་ཡུལ་ནང་ཉི་ཧང་གི་མི་སེར་༡༡༠༠ ཙམ་ཡོད་པའི་ནང་ནས། ད་བར་སྐྱེས་པ་ཞིག་དང་བུད་མེད་གཅིག་བཅས་མི་གཉིས་རྐྱེན་འདས་ཕྱིན་ཡོད་པའི་གནས་ཚུལ་སྤེལ་ཡོད་འདུག
ཨ་རི་དང་དབྱིན་ཇི།
ཨ་རིའི་མི་སེར་༣ ཇོ་མོ་གླང་མའི་གངས་རུད་རྐྱེན་པས་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང། ཨ་རིའི་སྲིད་གཞུང་ངོས་ནས་བལ་ཡུལ་གྱི་གོད་ཆག་ཆེད་ཨ་སྒོར་ས་ཡ་གཅིག་དང་རོགས་སྐྱོར་མི་སྣ་མང་པོ་ཞིག་བཏང་ཡོད་འདུག
དེ་བཞིན་དབྱིན་ཇིའི་སྲིད་གཞུང་གིས་དབྱིན་སྒོར་ས་ཡ་༥་ཚུད་པས་རོགས་མི་དང། དགོས་འཁོའི་ཡོ་ཆས་མི་འདྲ་བ་ཊན་༡༡ ཙམ་གྱི་རོགས་སྐྱོར་བྱས་འདུག
ཐེ་ཝན་གཞུང་ནས་བལ་ཡུལ་ལ་རོགས་སྐྱོར་མཐུན་རྐྱེན་སྤྲོད་ཐབས་བྱས་ཡོད་ནའང། བལ་ཡུལ་གྱི་སྲིད་གཞུང་ནས་ངོས་ལེན་བྱས་མེད་པ་རེད། རྒྱལ་ཁབ་གཉིས་པོས་དམིགས་གསལ་གྱི་རྒྱུ་མཚན་གང་ཡང་བརྗོད་མེད་ཀྱང། གནད་དོན་དཔྱད་ཞིབ་པ་མང་པོ་ཞིག་གིས་བལ་ཡུལ་གཞུང་ལ་རྒྱ་ནག་གིས་རྒྱབ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག།།
གསར་འགོད་པ་བསྟན་འཛིན་ཟླ་བ།