སྟོན་པ་ཡི་ཤུ་མ་ཤི་ཀའི་འཁྲུངས་སྐར།
ཕྱི་ཟླ་༡༢ པའི་ཚེས་༢༥ ཉིན་ནི་ཡི་ཤུའི་སྟོན་པ་ཡི་ཤུ་མ་ཤི་ཀ་སྐུ་འཁྲུངས་པའི་དུས་ཆེན་ཡིན་ཞིང་། ཉིན་དེར་འཛམ་གླིང་ས་ཕྱོགས་གང་སར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་པ་མ་ཟད། ཡི་ཤུའི་ཆོས་ལུགས་ཀྱི་ལོ་གཅིག་ནང་གི་དུས་ཆེན་ཆེ་ཤོས་དེ་ཡིན་པ་རེད།
ཕྱི་ཟླ་༡༢ པའི་ཚེས་༢༥ ཉིན་ནི་ཡི་ཤུའི་སྟོན་པ་ཡི་ཤུ་མ་ཤི་ཀ་སྐུ་འཁྲུངས་པའི་དུས་ཆེན་ཡིན་ཞིང་། ཉིན་དེར་འཛམ་གླིང་ས་ཕྱོགས་གང་སར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་པ་མ་ཟད། ཡི་ཤུའི་ཆོས་ལུགས་ཀྱི་ལོ་གཅིག་ནང་གི་དུས་ཆེན་ཆེ་ཤོས་དེ་ཡིན་པ་རེད།
ཉིན་དེའི་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་མི་མང་ཤོས་ཤིག་ལ་མཚོན་ན། ཉིན་དེ་ནི་དགའ་ཉེ་གྲོགས་པོ་དང་ནང་མི་བུ་ཕྲུག་ལྷན་འཛོམས་དང་། ཅ་དངོས་ཉོ་སྒྲུབ། འཁྲུངས་སྐར་ཀྱི་ཤིང་སྡོང་སྒྲིག་ཤོམ། འཁྲུངས་སྐར་གྱི་རྔན་པ་སྤྲོད་ལེན་སོགས་ཡིན་ཞིང་། ཡི་ཤུའི་ཆོས་ལུགས་རྗེས་འབྲང་རྣམས་ལ་འཁྲུངས་སྐར་སྲུང་བརྩིའི་དོན་སྙིང་ཆེ་ཤོས་ནི་སྟོན་པ་ཡི་ཤུ་མ་ཤི་ཀའི་འཁྲུངས་སྐར་ཡིན།
འོན་ཀྱང་། ཕྱི་ཟླ་༡༢ པའི་ཚེས་༢༥ ཉིན་ནི་ཡི་ཤུ་མ་ཤི་ཀ་སྐུ་བལྟམས་པའི་ཉིན་མོ་དངོས་ཡིན་པའི་ངེས་པའང་གཏན་ནས་མེད་ཅིང་། དམངས་ཁྲོད་དུ་ཡི་ཤུ་མ་ཤི་ཀའི་འཁྲུངས་སྐར་སྐོར་ལ་གཅིག་གྱུར་གྱི་ངོས་འཛིན་ཞིག་མེད་པར། ཡི་ཤུ་ཆོས་ལུགས་གཙོ་བོ་དར་སའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་བཤད་སྲོལ་སྣ་ཚོགས་ཤིག་ཡོད་ལ། ཕྱི་ཟླ་༡༢ པའི་ཚེས་༢༥ ཉིན་ཡི་ཤུའི་འཁྲུངས་སྐར་རུ་སྲུང་བརྩི་བྱེད་སྲོལ་དེ། ཡུ་རོབ་ཀྱི་གནའ་བོའི་དགུན་ཉི་ལྡོག་གི་དུས་ཆེན་ནས་སླེབས་པ་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཧ་ཅང་མང་པོ་ཡོད།
ཡི་ཤུའི་འཁྲུངས་སྐར་བརྩི་བྱེད་སྲོལ་དེ་ནི་སྟོན་པ་ཡི་ཤུ་མ་ཤི་ཀ་སྐུ་གཤེགས་པ་དང་འདས་ལོག་གི་ལོ་༣༠༠ རྗེས་སུ་བྱུང་བ་ཞིག་ཡིན་པ་དང་། ཕྱི་ལོ་དུས་རབས་བཞི་པའི་སྨད་ཙམ་ལ་ཡི་ཤུའི་ཆོས་དཔོན་ཇུའུ་ལུའུ་སི་(Pope Julius I) ཡིས་ཕྱི་ཟླ་༡༢ པའི་ཚེས་༢༥ ཉིན་འཁྲུངས་སྐར་གྱི་དུས་ཆེན་དུ་གཏན་འབེབས་བྱས་ནས་ད་ལྟའི་བར། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མང་པོའི་ནང་དུ་དུས་ཆེན་སྲུང་བརྩི་བྱེད་བཞིན་པ་མ་ཟད། ཉིན་མོ་དེར་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་གཞུང་འབྲེལ་གུང་སེང་གཏོང་སྲོལ་ཡོད་ལ། དེང་གི་ཆར་ཆོས་ལུགས་ཀྱི་དུས་ཆེན་གཅིག་པུ་ཞིག་མ་ཡིན་པར་མི་ཆོས་རིག་གནས་རང་བཞིན་ཅན་གྱི་དུས་ཆེན་ཞིག་ཆགས་ཏེ། ཡི་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་པ་མ་ཡིན་པའི་ནང་དུ་དུས་ཆེན་སྲུང་བརྩི་བྱེད་མཁན་ཧ་ཅང་མང་པོ་ཡོད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།