རྒྱ་ནག་ལ་ངོ་རྒོལ་དགོས་དོན་བོད་མི་རིགས་རྩ་མེད་གཏོང་བཞིན་པའི་སྐོར་ཡིན།

འཇིག་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་གྱི་ལས་རོགས་མགོ་ལོག་འཇིགས་མེད་(འཇིགས་མེད་ལོ་ཙཱ)རྒྱ་གར་དྷ་རམ་ས་ལར་སྐྱབས་བཅོལ་དུ་འབྱོར་ཏེ། ཟླ་འདིའི་ཚེས་༢༨ ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་གྱི་ལས་རོགས་མགོ་ལོག་འཇིགས་མེད་(འཇིགས་མེད་ལོ་ཙཱ)རྒྱ་གར་དྷ་རམ་ས་ལར་སྐྱབས་བཅོལ་དུ་འབྱོར་ཏེ། ཟླ་འདིའི་ཚེས་༢༨ ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

jigmi_1དེ་ཡང་ཕྱི་ཟླ་༥ ཚེས་༢༨ ཉིན་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་ཀྱི་གློག་བརྙན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག གསར་འགོད་ལྷན་ཚོགས་ཤིག་བསྐོངས་སྟེ། མགོ་ལོག་འཇིགས་མེད་(འཇིགས་མེད་ལོ་ཙཱ) ཀྱིས་ཁོང་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་ཡུལ་དང་། བོད་ནང་དུ་ཆབ་སྲིད་ལས་འགུལ་སྤེལ་བའི་བརྒྱུད་རིམ། རྒྱ་ནག་གཞུང་གིས་བཀག་ཉར་འོག་མནར་གཅོད་བཏང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་ཡོད་པ་རེད།

སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ཁོང་རྒྱ་གར་དུ་ཕེབས་ཐུབ་པར་དགའ་བསུའི་གསུང་བཤད་དང་འབྲེལ། རྒྱ་ནག་གཞུང་གིས་བོད་མི་དང་། དེ་བཞིན་མི་རིགས་གཞན་ལ་མནར་གཅོད་གཏོང་སྟངས་དང་། རྒྱ་ནག་གི་ཁྲིམས་ཡིག་ཐོག་ཏུ་ཡོད་པ་ལས། ལག་བསྟར་བྱེད་ཀྱི་མེད་པའི་སྐོར་གསུངས་སོང་།

imagesདོན་གྲུབ་དབང་ཆེན་དང་ཁོང་གཉིས་ཀྱིས་༢༠༠༨ བོད་ནང་དུས་མི་མང་ལ་བཅར་འདྲི་བྱས་ཏེ། འཇིགས་བྲལ་ཞེས་པའི་གློག་བརྙན་བཟོས་པ་དང་། དོན་གྲུབ་དབང་ཆེན་ལོ་དེར་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཏེ། ལོ་དྲུག་གི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་པ་དང་། ཁྲིམས་ཆད་དུས་ཡུན་འདི་ལོའི་ཕྱི་ཟླ་༦ པའི་ཚེས་༥ཉིན་རྫོགས་ཀྱི་ཡོད་པ་རེད།

མགོ་ལོག་འཇིགས་མེད་ནི་གསེར་རྟ་རྫོང་། རགས་བཀྲམ་ཡུལ་ཚོ། ཏོག་ཚ་སྡེ་པར་སྐྱེས་པ་དང་། རང་ལོ་༡༥ ཡིན་སྐབས་གྲྭ་བ་བྱས་ཏེ། བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་།

jigmi_2ཁོང་གིས་ཉིན་དེར་ཡིག་ཐོག་ནས་གསར་འགོད་གསལ་བསྒྲགས་དོན་ཚན་དྲུག་ཅན་ཞིག་སྤེལ་ཡོད་པ་དང་། དོན་ཚན་དང་པོའི་ནང་ཁོང་གི་ལོ་རྒྱུས་སྐོར་དང་། དོན་ཚན་གཉིས་པ། རྒྱ་གཞུང་ལ་ངོ་རྒོལ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ངོ་སྤྲོད།
ཕྱི་ལོ་༡༩༥༠ཙམ་ནས་རྒྱ་དམར་གྱིས་ཐོག་མར་བོད་ལ་བཙན་འཛུལ་བྱེད་སྐབས་དང་། དེའི་རྗེས་བཅས་སུ་ཉེས་མེད་བོད་མི་འབུམ་ཕྲག་བཅུ་གཉིས་ཙམ་དམར་གསོད་བཏང་བའི་སྐོར་དང་། བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་བཏང་བའི་སྐོར་སོགས་སྐབས་དེའི་བོད་མི་རྒན་རབས་པ་ཚོས་མིག་གིས་དངོས་སུ་མཐོང་འདུག་ཀྱང་།རྒྱུ་མཚན་དེ་ཙམ་ལ་བརྟེན་ནས་ངས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་མིན།
ད་ལྟའི་རྒྱ་གཞུང་གིས་དངོས་སུ་བོད་ཐོག་ལས་ཀ་བྱེད་བཞིན་པ།དཔེར་ན།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་དུ་ཕེབས་མ་བཅུག་པར་མ་ཟད། ཁོང་ལ་ངོ་རྒོལ་དང་མཚན་སྨད་ཞུ་བཅུག་པ་དང་། བཙན་ཤེད་ཀྱིས་དགོན་སྡེའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ།བོད་མི་རིགས་རྩ་མེད་གཏོང་བཞིན་པ། བོད་མིའི་བླ་སྲོག་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བཞིན་པ། རྒྱ་གཞུང་གིས་ཆེད་དུ་བོད་མིའི་དཔལ་འབྱོར་ཕམ་ཉེས་ཚབས་ཆེན་དུ་གཏོང་བཞིན་པ། བོད་གཞིས་ལུས་མང་ཚོགས་ཀྱི་སེམས་ཁུངས་ན་ཡོད་པའི་དངོས་ཡོད་དཀའ་སྡུག་དང་། རེ་སྒུག་རི་བོ་འདྲ་བ་དེ་དག་སྦེད་ཐབས་བྱེད་བཞིན་པ། ༸གོང་ས་མཆོག་གི་དགོངས་གཞི་གཉིས་སྨན་དབུ་མའི་ལམ་ལ་གཞིས་ལུས་བོད་མི་བརྒྱ་ཆ་༩༩་ལྷག་གིས་ངོས་ལེན་ཡོད་བཞིན་དུ་དབུ་མའི་ལམ་ལ་བོད་གཞིས་ལུས་མི་མང་གིས་ངོས་ལེན་མེད་སྐོར་འུད་སྒྲོག་བྱེད་བཞིན་པ་དང་། དབུ་མའི་ལམ་ལ་ལོག་འགྲེལ་སྣ་ཚོགས་བྱེད་བཞིན་པ། རྒྱ་གཞུང་གིས་སེམས་ལ་ཅུང་ཙམ་མ་སོང་སྐབས་གནམ་ས་གཉིས་ཀྱི་བདག་པོ་ཀྲུང་གོ་གུང་ཁྲན་ཏང་ལས་གཞན་མེད། ཅེས་ཧམ་བཤད་ཀྱིས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མིའི་ལག་ནས་ས་ཆ་བཙན་འཕྲོག་དང་། གཞུང་བཞེས་བྱེད་བཞིན་པ་སོགས་ནི་ངས་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཁག་ཡིན་ཞིང་། གཞིས་བཞུགས་བོད་མི་གཞན་ཚོས་ཀྱང་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་དོན་གོང་བརྗོད་གནས་ཚུལ་དེ་ཚོར་བརྟེན་ནས་བྱུང་བ་ཡིན་པ་ངས་ཐག་བཅད་ནས་བརྗོད་ཐུབ།

དོན་ཚན་གསུམ་པ། རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་དང་། སྤྱི་ཚོགས་ལ་ཞབས་ཕྱི་ཞུས་རབས་སྙིང་བསྡུས།
རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏང་ཕྱིར་ཉིན་རེ་བཞིན་ལས་འགུལ་ཆེ་ཕྲ་གང་མང་སྤེལ་ཡོང་སྐབས་སྲིད་ཇུས་ནག་པོ་དེ་ཚོ་ང་ཚོས་མཐོང་བཞིན་དུ་མ་མཐོང་ཁུལ་བྱས་ཏེ། ང་ཚོ་བསྡད་མ་ཐུབ་པར་བརྟེན། ཕྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་གཙོས་ང་ཚོས་རང་ནུས་གང་ཡོད་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་བྱུང་བ་རེད། དཔེར་ན། རྒྱ་གཞུང་གིས་བཤད་པ་ལྟར་མིན་པར། དངོས་ཡོད་གནས་ཚུལ་ལ་བོད་ནང་གི་བོད་མིའི་སེམས་ཁོངས་ན་ཅི་ཡོད་འཛམ་གླིང་མི་མང་གིས་ཤེས་རྟོགས་ཡོང་ཆེད་ངའི་གྲོགས་པོ་དོན་གྲུབ་དབང་ཆེན་དང་། ངེད་གཉིས་ཀྱིས་བོད་མི་ཚོར་བཅར་འདྲི་བྱས་པའི་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་དེ་བཟོས་པ་རེད།
དེ་བཞིན་ང་རང་སྒེར་ངོས་ནས་དང་། འཐབ་གྲོགས་གཞན་ཚོ་དང་མཉམ་དུ་ཡང་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་ངོ་རྒོལ་ལས་འགུལ་གང་མང་སྤེལ་བ་ཡིན། དེ་མཚུངས་བོད་ཀྱི་སྤྱི་ཚོགས་ལ་ཞབས་ཞུའི་ལས་ཀའང་གང་འཚམས་བྱེད་ཐུབ་སོང་། འོན་ཀྱང་དེའི་རིགས་ཕལ་ཆེ་བ་རྣམ་པ་ཚོས་ཤེས་ཡོད་ངེས་རེད་ལ། ཞིབ་ཕྲའི་གནས་ཚུལ་རིགས་དེ་རིང་འདིར་ཁ་གསལ་ཞིག་བརྗོད་བདེ་མ་མཆིས་ཀྱང་། ཡུལ་དུས་གནས་སྐབས་ལ་བསྟུན་ནས་རིམ་གྱིས་ཁྱེད་ཚོའི་སྤྱན་ལམ་ལ་འབུལ་ཐུབ་ངེས་ཡིན།
འོན་ཀྱང་སྐབས་འདིར་ངས་གསལ་བོ་ཞུ་དགོས་པ་ཞིག་ནི་ང་དང་། ངའི་གྲོགས་པོ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་། གཙོ་བོ་རྒྱ་གཞུང་གི་དབུས་ས་གཉིས་ཀར་རང་སྐྱོན་གོ་བརྡ་འཕྲོད་ཐབས་དང་། བསམ་ཤེས་གོ་ཤེས་འབྱུང་ཐབས་ཁོ་ནར་དམིགས་ཏེ། འཚེ་མེད་ཞི་བ་འབའ་ཞིག་གི་ལས་འགུལ་སྤེལ་ཡོད་པ་ལས། རྒྱ་མི་རྐང་གཅིག་གི་ཡང་ཚེ་སྲོག་དང་། རྒྱུ་དངོས་བཅས་ལ་གནོད་འཚེ་སྤུ་ཙམ་བྱས་མེད།
དོན་ཚན་བཞི་པ། ང་ཐེངས་གསུམ་ལ་བཙོན་བཅུག་དང་མནར་གཅོད་སྐོར་ངོ་སྤྲོད་སྙིང་བསྡུས།
རྒྱ་གཞུང་གིས་ཕྱི་ལོ་༢༠༠༨་ལོའི་ཟླ་༣་ཚེས་༢༣་ཉིན་ང་ཐེངས་དང་པོ་འཛིན་བཟུང་བྱས་ཏེ། ལོ་དེའི་ཟླ་༡༠་པའི་ཚེས་༡༥་བར་བསྡོམས་པའི་ཟླ་༦་དང་ཉིན་༢༢་རིང་བཀག་ཉར་འོག ཁོང་ཚོས་ངའི་ལུས་སེམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བ་དང་། དེ་ཡང་ཟླ་༣་ཚེས་༢༣་ནས་ཟླ་༥་ཚེས་༡༢་བར་ཉིན་༥༡་དང་། ཉིན་མཚན་བསྡོམས་ན་ཉིན་ཞག་༡༠༢་ཙམ་རིང་ང་ལ་མནར་གཅོད་ཧ་ལས་དགོས་པ་གང་མང་བཏང་བ་རེད། སྐབས་དེ་དག་ཏུ་ངའི་སྒལ་ཚིགས་དང་། རྐང་ལག མིག་བཅས་ལ་སྐྱོན་ཆེན་པོ་ཤོར་སོང་བར་མ་ཟད། རྩིབ་རུས་ཁ་ཤས་ཀྱང་བཅག་པ་དང་། རྐང་བའི་པུས་མོ་གཉིས་ཀའི་ཚིགས་ཕུད་སོང་བ་སོགས་གཟུགས་པོ་ལ་ཧ་ཅང་སྐྱོན་ཆེན་པོ་བྱས་སོང་བར་བརྟེན། ད་ལྟ་ཡང་གཟུགས་པོ་གྲང་མོ་ཆགས་སྐབས་དེ་སྔོན་བཅག་ཤུལ་གྱི་རྩུབ་རུས་རྣམས་ན་གིན་འདུག་པ་དང་། སྒལ་ཚིགས་ཀྱང་མཚམས་རེར་ན་གིན་འདུག མཚམས་རེར་པུས་མོའི་ཚིགས་བུད་འགྲོ་བཞིན་འདུག་པ་སོགས་དཀའ་ངལ་གང་མང་ད་དུང་འབྱུང་བཞིན་འདུག
ང་འཛིན་བཟུང་ཐེངས་དང་པོའི་སྐབས་ངའི་རྐང་ལག་བཞི་ལ་ལྕགས་བརྒྱབ་ཏེ། གནམ་བཏགས་བྱས་ནས་ཆུ་ཚོད་༡༠་ཙམ་རིང་བཞག་པ་ཐེངས་གཅིག་བྱུང་སོང་། ཕྱིས་སུ་ཡང་གནམ་བཏགས་འདྲ་མིན་ཐེངས་༧་ཙམ་ལ་བྱས་ཀྱང་། སྐབས་དེར་དུས་ཡུན་རིང་ཤོས་ཆུ་ཚོད་༥་རེ་དང་། དུས་ཡུན་ཐུང་ཤོས་ཆུ་ཚོད་༢་རེ་ཙམ་ལས། སྔོན་མ་ལྟར་ཧ་ཅང་ཡུན་རིང་ལ་བཞག་མ་སོང་། སྐབས་དེར་ཁོང་ཚོས་ང་ལ་ཉེས་འཛུགས་གཙོ་བོ་ནི་འཇིགས་བྲལ་གློག་བརྙན་གྱི་སྐོར་དང་། ཁྱོད་བོད་ཀྱི་གཞོན་ལྷན་གྱི་ཚོགས་མི་རེད། ཅེས་དང་། ༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོ་ཞི་རྒོལ་མིན་པར་རྡུང་གཅོག་འཕྲོག་བསྲེགས་ཀྱི་དྲག་རྒོལ་ཡིན་པ་ངོས་ལེན་བྱེད་དགོས་ཟེར་བ་དང་། ཁྱོད་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་གི་མི་འདུག་ཟེར་བ་སོགས་ཧ་ཅང་ཉེས་འཛུགས་གང་མང་བྱས་བྱུང་། ཉེས་འཛུགས་དེ་དག་ལས་ཁས་ལེན་འོས་པའི་རིགས་ངས་ཀྱང་ཁས་བླངས་པ་ཡིན། ཁུངས་ལུང་མེད་པའི་ཉེས་འཛུགས་རིགས་ངས་ངོས་ལེན་བྱེད་ཐུབ་མ་སོང་།
༢༠༠༩་ལོའི་བོད་ཟླ་༢་ཚེས་༡༦་ཉིན་སླར་ཡང་ང་འཛིན་བཟུང་ཐེངས་གཉིས་པ་བྱས་ཏེ། ལོའི་དེའི་བོད་ཟླ་༦་ཚེས་༨་བར་བཀག་ཉར་བྱས་པ་དང་། ཁོང་ཚོས་ང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་སྐྱོན་འཛུགས་བྱས་སོང་། འོན་ཀྱང་སྐབས་དེར་ཁོང་ཚོས་བདག་ལ་དབྱུག་པ་དང་། རྡོག་རྒྱག་མང་པོ་བཏང་བ་ལས། ལོ་སྔོན་མ་ལྟར་ཧ་ཅང་མནར་གཅོད་རྡུང་རྡེག་ཚབས་ཆེན་བཏང་མ་སོང་།

༢༠༡༢་ལོའི་ཟླ་༩་ཚེས་༢༢་ཉིན་སླར་ཡང་ང་འཛིན་བཟུང་ཐེངས་༣་པ་བྱས་ཏེ། བསང་ཆུ་རྫོང་གི་ཐག་ཉེ་ན་༼བང་དཀར་ཐང་༽མངག་གཏོང་ཁང་ཟེར་བ་ཞིག་ཡོད་པ་དེར་ཁྲིད་སོང་བ་དང་། སྐབས་དེར་ང་ལ་ཉེས་འཛུགས་ཀྱི་གཙོ་བོ་ནི་བོད་ས་ཡོངས་རྫོགས་ལ་མེ་བསྲེགས་དོན་རྐྱེན་གྱི་བཀོད་འདོམས་པ་ཁྱོད་རེད་ཟེར་བ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་རབས་དང་། སླར་ཡང་འཇིགས་བྲལ་གློག་བརྙན་བཟོས་པ་མ་འགྲིག་རབས་སོགས་ཉེས་འཛུགས་གང་མང་ཞིག་བྱས་བྱུང་། འོན་ཀྱང་རྒྱ་གཞུང་གིས་ང་འཛིན་བཟུང་ཐེངས་གསུམ་བྱས་པའི་སྐབས་ཐོག་སོ་སོར་ང་ལ་སྐྱོན་འཛུགས་བྱས་རིགས་ལ་ངས་ཁོང་ཚོར་རྒྱུ་མཚན་ཁུངས་ལུང་ལྡན་པའི་གསལ་བཤད་བྱས་པར་བརྟེན། ཁོང་ཚོར་ཁ་གྲགས་རྒྱུ་མེད་པར་གྱུར་ཡོད། དེ་ནི་ང་ཚོར་རྒྱུ་མཚན་ཡོད་པས་རེད།
ཁོང་ཚོས་ང་འཛིན་བཟུང་ཐེངས་༣་པའི་སྐབས་ངའི་རྐང་བར་ནམ་རྒྱུན་རྐང་ལྕགས་བརྒྱབ་འཇོག་པ་ལས། སྐབས་དེར་ང་ལ་རྡུང་རྡེག་རིགས་ཅི་ཡང་མ་བཏང་བར་མ་ཟད། ད་བར་ཀྲུང་གོ་རྒྱལ་ཁབ་ཁྱོད་ལ་བཀའ་དྲིན་ཆེ་ཡང་། ཁྱོད་ཀྱིས་བཀའ་དྲིན་ངོས་མ་ཟིན་རབས་དང་། ཕྱི་ཟླ་༡༠་ཚེས་༡་ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཡིན་པ་དང་། དེ་ཚར་རྗེས་ཁོང་ཚོས་ཁྱོད་ལན་ཀྲོས་ཕན་ཆོད་ཀྱི་དམག་མིའི་སྨན་ཁང་ཞིག་ལ་ཁྲིད་དེ། ཁྱོད་ཀྱི་གཟུགས་པོ་ལ་ན་ཚ་ཡོད་མེད་བརྟག་དཔྱད་ཆེད་ངེས་པར་འགྲོ་དགོས། གལ་ཏེ་ན་ཚ་ཡོད་ཚེ་ཁབ་རེ་རྒྱག་དགོས་སྲིད་པ་རེད་ཅེས་སོགས་ཟེར། བདག་གིས་ང་དེ་འདྲའི་ཐག་རིང་དུ་སྨན་ཁང་ལ་འགྲོ་དགོས་དོན་མེད་རབས་སོགས་བཤད་ཀྱང་། ཁོང་ཚོས་སྨན་ཁང་ལ་ངེས་པར་འཁྲིད་གི་ཡིན།ཞེས་ཨུ་ཚུགས་བྱེད་སྟངས་དང་། ང་ཁོང་ཚོའི་ལག་ནང་ཡོད་ཀྱང་ང་ལ་རྡུང་རྡེག་རིགས་མི་བྱེད་པར་འཇོག་སྟངས་དང་། ཁོང་ཚོའི་སྐད་ཆའི་ཚིག་ཟུར་སོགས་གང་ལ་བལྟས་ཀྱང་། ཁོང་ཚོས་དེའི་སྔོན་ནས་ང་གསད་རྒྱུའི་འཆར་གཞི་གཏན་འབེབས་བྱས་ཟིན་ཡོད་པ་དང་། གསོད་སྟངས་ཀྱང་ང་ལ་སྨན་ལོག་སྤྲད་དེ། གསད་རྒྱུའི་འཆར་གཞི་ཡོད་པ་ཚང་མ་ངས་ཤེས་སོང་། གཞན་སྐབས་དེར་ཁོང་ཚོས་ཁྱོད་ལ་མི་བསད་པའི་ནག་ཉེས་ཡོད་རབས་སོགས་ཚིག་ཟུར་ཙམ་ཡང་གླེང་མ་སོང་།
དོན་ཚན་ལྔ་པ། རྐང་ལྕགས་ཕྱེས་ནས་བྲོས་བྱོལ་དང་། རང་ལུས་མེ་བསྲེགས་གཏང་དགོས་མིན་ནམ་སྙམ་པ་བཅས་ཀྱི་སྐོར།
ང་མངག་གཏོང་ཁང་དེར་བཀག་ཉར་བྱས་ཡོད་སྐབས་ཁོང་ཚོས་ང་གསད་འཆར་ཡོད་པ་ངས་ཤེས་རྟོགས་བྱུང་རྗེས། ཐབས་ཤེས་བྱུང་ན་ཕྱི་ལ་བྲོས་བྱོལ་དུ་འགྲོ་ཨེ་ཐུབ་ལྟ་དགོས་བསམ་སོང་། དེ་ནས་ཉིན་༤་དང་། ཉིན་ཞག་བསྡོམས་༩་ཙམ་རིང་ངས་ཟས་བཅད་བྱས་ནས། ཟླ་༩་ཚེས་༣༠་ཉིན་གྱི་དགོང་མོ་ང་འབྲོ་ཐབས་ཨེ་ཐོན་ལྟ་རྒྱུ་ཐག་བཅད་དེ། དེ་རིང་ང་ལ་རྩམ་པ་ཟ་འདོད་འདུག ཅེས་བཤད་པར། ཁོང་ཚོས་ང་ལ་རྩམ་པ་སྤྲད་སོང་བས། ངས་རྩམ་པ་ཆེན་པོ་ཞིག་བརྫུས་ནས་རྡོག་རྡོག་བྱས་ཏེ། རང་ཉིད་ཀྱི་ཉལ་ཆས་ཀྱི་འོག་ལ་སྦེད་པ་དང་། སླར་ཡང་ཕྱི་དྲོ་ཡང་བསྐྱར་རྩམ་པ་ཞིག་བརྫུས་ནས་ཉལ་ཆས་འོག་སྦེད་པ་ཡིན། ནམ་རྒྱུན་ང་ལ་ལྟ་རྟོག་བྱེད་མི་གཉིས་ཡོད་པའི་གཅིག་ཉིན་དེའི་དགོང་མོ་ཛ་དྲག་ངང་གཞན་ཞིག་ལ་ཕྱིན་སོང་བ་དང་། དགུང་མོའི་ཆུ་ཚོད་༨་ཐོག་ང་ཉལ་བ་ཡིན། མཚན་གྱི་ཆུ་ཚོད་༡༢་ཙམ་ལ་ལྟ་རྟོག་པ་གཅིག་ཡོད་པ་དེ་གཉིད་སོང་། དེ་ནས་བདག་གིས་རྐང་ལྕགས་དེ་གཏོར་ཐུབ་མིན་བལྟས་ཀྱང་གཏོར་རྒྱུ་ལས་སླ་བོ་མི་འདུག་ཀྱང་། མཐར་ངས་༸གོང་ས་མཆོག་ལ་གསོལ་བ་འདེབས་ཞོར་ཐབས་ཤེས་བྱས་པར་རྐང་ལྕགས་དེ་ཁ་ཕྱེ་ཐུབ་སོང་བ་དང་། དེ་ནས་ངས་ག་ལེར་བྱས་ཏེ། རང་གི་གོན་པ་རྣམས་གྱོན་རྗེས། ཁང་སྒོ་ཕྱེས་ཏེ། ཕྱི་ལ་ཐོན་ནས་ཁང་བ་རྗེས་མ་དེའི་ཟུར་བརྒྱུད་ནས་ཡོང་སྐབས་ཁང་བ་དེའི་ནང་ཉེན་རྟོག་པ་གཞན་ཚོས་ད་དུང་མ་ཅང་རྩེད་མོ་རྩེ་བཞིན་འདུག་པ་དང་། ཁོང་ཚོའི་མགོ་ཡང་ངས་མཐོང་བཞིན་འདུག དེ་ནས་ང་སྒོ་ཆེན་ཕྱོགས་སུ་ཕྱིན་པར། སྟབས་ལེགས་པ་ཞིག་ལ་སྐབས་དེར་སྒོ་ཆེན་དེ་ཡང་ཕྱེས་བཞག་འདུག་པས། མགྱོགས་པོར་སྒོ་ཆེན་ནང་ནས་ཕྱི་ལ་ཐོན་ཏེ། བྲོས་ནས་ཕྱིན་པ་ཡིན། དེ་ནས་ཟླ་གཉིས་ཙམ་རིང་ང་རི་བྲག་འདྲ་མིན་ནང་གབ་ཞོར་འབྲོ་ཞོར་བྱས་མཐར། ཟླ་༢་ཀྱི་རྗེས་གཞི་ནས་རྒྱ་དམར་སྲིད་གཞུང་གིས་ང་ལ་མི་གསོད་ནག་ཉེས་ཀྱི་སྐྱོན་འཛུགས་བྱས་ཡོད་རབས་དང་། སུ་ཞིག་གིས་ང་རྒྱ་དམར་ཉེན་རྟོག་པ་ལ་རྩིས་སྤྲོད་བྱས་ཚེ། རྩིས་སྤྲོད་བྱེད་གླར་རྒྱ་སྒོར་ཁྲི་༢༠་སྤྲད་ངེས་ཡིན་རབས་སོགས་ཁྱབ་བསྒྲགས་བྱས་ཡོད་པ་ངས་ཤེས་རྟོགས་བྱུང་མ་ཐག་ང་ཧ་ལས་སོང་། གང་ཡིན་ཞེ་ན། དེ་སྔོན་ང་རྒྱ་གཞུང་གི་ཉེན་རྟོག་པའི་ལག་ནང་ཡོད་སྐབས་ཁོང་ཚོས་ང་ལ་མི་བསད་པའི་ནག་ཉེས་ཟེར་བ་ཞིག་རྩ་བ་ནས་བཙུགས་མྱོང་མེད་པ་དང་གཅིག ང་རང་ཉིད་ཀྱིས་ཀྱང་མི་གསད་རྒྱུ་ཕར་བཞག མི་ཞིག་གསད་སྙམ་པའི་ཀུན་སློང་ཙམ་ཡང་སྐྱེས་མ་མྱོང་བ་གཉིས་སོགས་ལ་བརྟེན་ནས། དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་གནས་ཚུལ་རྫུན་མ་འདི་འདྲ་རེ་རྒྱ་གཞུང་གིས་ཁྱབ་བསྒྲགས་དགོས་དོན་གང་ཡིན་ནམ་སྙམ་ནས། དེ་ལ་དམིགས་བསལ་གྱིས་ངོ་རྒོལ་ཆེད་རྒྱ་གཞུང་གི་ཉེན་རྟོག་ཁང་གང་རུང་ཞིག་གི་སྒོ་འགྲམ་ལ་ཕྱིན་ནས། ངས་རང་ལུས་མེ་བསྲེགས་ཀྱིས་ཁོང་ཚོར་སླར་ཡང་ངོ་རྒོལ་དགོས་པ་མིན་ནམ་སྙམ་ཡང་། ཞིབ་ཏུ་བསམ་བློ་བཏང་སྐབས་ཕལ་ཆེར་རྒྱ་ནག་ཉེན་རྟོག་པའི་ལག་ནང་ནས་ང་ཤོར་སོང་བར་བརྟེན། ཁོང་ཚོ་ངོ་ཚ་སྟེ། བཤད་རྒྱུ་གཞན་མེད་སོང་ནས། དེ་འདྲ་ཞིག་མི་བཤད་ཐབས་མེད་བྱུང་བ་མིན་ནམ། གལ་ཏེ་ངས་རང་ལུས་མེ་བསྲེགས་བཏང་ན། ཁོང་ཚོས་སླར་ཡང་ངའི་སེམས་ནང་དྲན་མ་མྱོང་བའི་གནས་ཚུལ་རྫུན་མ་ཞིག་ང་ལ་སྐྱོན་འཛུགས་བྱས་ཏེ། ང་ནག་པོ་བཟོ་ངེས་རེད། ངའི་ནུས་པ་ཡང་ཉིན་དེ་ནས་རྫོགས་འགྲོ་གི་རེད། དེ་ལས་མེ་བསྲེགས་མ་བཏང་བར་བསྡད་ན། རང་ཉིད་དཀར་འདོན་བྱེད་ཉིན་ཞིག་འབྱུང་སྲིད་པ་རེད། དེ་བཞིན་ད་དུང་མུ་མཐུད་ནས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་དང་། སྤྱི་ཚོགས་ལ་ཞབས་ཕྱི་གང་འཚམས་ཞུ་ཐུབ་ངེས་རེད་སྙམ་ནས། ངས་རང་ཉིད་ཀྱི་གཟུགས་པོ་མེ་བསྲེགས་ཀྱི་བསམ་ཚུལ་དེ་ལ་འགྱུར་བ་བཏང་བ་ཡིན།
དོན་ཚན་དྲུག་པ། དྲག་གནོན་འོག་ནས་བཙན་བྱོལ་དུ་ཕྱིན་པ་དང་། འབྲེལ་ཡོད་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་བ།
དེ་ནས་ལོ་༡་དང་ཟླ་༨་ཙམ་རིང་ང་བོད་ནང་གི་རི་ཆུ་ནགས་གསུམ་འདྲ་མིན་ནང་གབ་ནས་བསྡད་པ་དང་། ད་དུང་རྒྱ་དམར་གྱི་དྲག་གནོན་དང་། དཀའ་སྡུག་ཚད་མེད་པའི་འོག་མུ་མཐུད་ནས་མི་ཚེ་འཁྱོལ་ཐབས་དཀའ་བར་བསམ་ནས། འགྲོ་སོང་གི་དཀའ་ངལ་ཧ་ཅང་ཆེ་ཡང་། དཔལ་འབྱོར་གྱིས་འགྲོ་སོང་ཕོན་ཆེན་པོ་བཏང་ནས་ད་ཐེངས་བདག་བཙན་བྱོལ་དུ་ཡོང་བ་ཡིན། འགྲོ་སོང་ཧ་ཅང་ཆེན་པོ་གཏང་དགོས་བྱུང་མོད། འགྲོ་སོང་ཇི་ལྟར་བཏང་མིན་དང་། ལམ་ཁ་གང་ནས་ཡོང་བའི་སྐོར་དང་། ཇི་ལྟར་ཡོང་མིན་བཅས་དེ་རིང་འདིར་གསལ་བཤད་བྱེད་བདེ་མ་མཆིས་ཀྱང་། ཁྱེད་ཚོས་རིམ་བཞིན་མཁྱེན་རྟོགས་ཡོང་ངེས་རེད།
དེ་རིང་བདག་གིས་གོ་སྐབས་འདི་བརྒྱུད་དེ། དམིགས་བསལ་གྱིས་ཞུ་རྒྱུ་ཞིག་ནི། ད་བར་བདག་སྲོག་གི་ཉེན་ཁ་ལས་སྐྱོབ་ཆེད་དང་། རྒྱ་དམར་གྱི་དྲག་གནོན་འོག་ནས་ཕྱི་ལ་ཐར་ཐབས་སོགས་སུ་རྒྱབ་སྐྱོར་གྱི་ལས་འགུལ་རིགས་སྣ་ཚོགས་སྤེལ་ཏེ། བདག་ལ་བརྩེ་བ་གནང་མཁན་གཞུང་དང་། ཚོགས་པ། སྒེར་བ་ཇི་སྙེད་ཅིག་བྱུང་འདུག་པ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བཞིན་ཡོད།

དོན་ཚན་བདུན་པ། རང་ཉིད་ཀྱི་སེམས་གཏིང་ན་ཡོད་པའི་རེ་བསྐུལ་དོན་ཚན་བཞི།
ཀ༽འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་གཞུང་ཁག་ལ་རེ་བསྐུལ་ཞུ་རྒྱུ། ང་ཚོ་བོད་མི་རིགས་ཀྱི་གནས་སྟངས་འདི་ད་བར་འཛམ་གླིང་གི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས་ཆགས་བཞིན་པ་དང་། བོད་མི་མང་གིས་འཚེ་མེད་ཞི་བའི་སྒོ་ནས་ལས་འགུལ་ཇི་སྤེལ་སོགས་ཚང་མས་ཤེས་གསལ་ལྟར། ད་བར་རྒྱལ་ཁབ་ཁག་གི་སྲིད་གཞུང་སོ་སོའི་ངོས་ནས་རྒྱབ་སྐྱོར་གྱི་ནུས་པ་ཚད་ལྡན་ཐོན་མེད་པར་བསམ་ན་བློ་ཕམ་འབྱུང་བཞིན་འདུག འོན་ཀྱང་དེང་གི་དུས་སྐབས་འདི་འཛམ་གླིང་གོ་ལ་ཧྲིལ་བོར་དཔལ་འབྱོར་གྱིས་ཁ་ལོ་སྒྱུར་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། གལ་ཏེ་འཛམ་གླིང་འདིར་དྲང་བདེན་ཟེར་བ་དེ་ད་དུང་མུ་མཐུད་ནུས་སྟོབས་ཇེ་ཆུང་དུ་སོང་ན། དཔལ་འབྱོར་འགྲན་རྩོད་ཁོ་ནས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་གཏན་ནས་མི་ཐུབ་པར་མ་ཟད། རྒྱ་གཞུང་གི་དྲག་གནོག་འོག་ན་ཡོད་པའི་ངེད་ཅག་ཉམ་ཆུང་བོད་མི་རིགས་ཀྱིས་ཁྱེད་ཅག་ལ་ཁ་ཕྱོགས་ནས་བདེན་པའི་རྒྱབ་སྐྱོར་འབྱུང་བའི་རེ་སྒུག་བྱས་དང་བྱེད་བཞིན་པ་ལྟར། འཛམ་གླིང་སྤྱིའི་བདེན་དོན་དང་། བྱེ་བྲག་ཉམ་ཐག་བོད་མིའི་བདེན་པའི་འབོད་སྒྲ་དེ་ནག་བསུབ་ཏུ་འགྲོར་མི་འཇུག་པར་སྐུ་མཁྱེན།
ཁ༽བདག་གི་གྲོགས་པོ་དོན་གྲུབ་དབང་ཆེན་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད་པའི་དུས་ཡུན་འདི་ལོའི་ཕྱི་ཟླ་༦ ་པའི་ཚེས་༥་ཉིན་རྫོགས་ཀྱི་ཡོད་ཀྱང་། རྒྱ་དམར་སྲིད་གཞུང་གིས་སླར་ཡང་ཁོང་ལ་མ་ཉེས་ཁག་གཡོགས་སོགས་ཀྱིས་ཁོང་གི་ཁྲིམས་ཆད་དུས་ཡུན་འཕར་འགྱངས་གཏང་སྲིད་ཕྱིར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ། དོན་གྲུབ་དབང་ཆེན་གྱི་ཁྲིམས་ཆད་དུས་ཡུན་འདི་ལོའི་ཕྱི་ཟླ་༦་ པའི་ཚེས་༥་ཉིན་རྫོགས་ཀྱི་ཡོད་པ་ལྟར། དུས་ཐོག་ཏུ་ཁོང་གློད་བཀྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་ཡོང་བར་ཞུ་རྒྱུ་དང་།
དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པ་གཞན་གང་མང་ཞིག་ལ་ཁྲིམས་ཆད་དུས་ཡུན་རྫོགས་མཚམས་རྒྱ་གཞུང་གིས་རང་སྣང་གང་དྲན་གྱིས་སླར་ཡང་ཁྲིམས་ཆད་དུས་ཡུན་འཕར་འགྱངས་གཏོང་བཞིན་པའི་དྲང་བདེན་མིན་པའི་གནས་སྟངས་ཡ་ང་བ་འདི་རིགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུགས་སྣང་ཆེན་པོས་རྒྱ་དམར་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ། རྒྱབ་སྐྱོར་ནུས་ལྡན་གནང་སྐྱོང་ཡོང་བར་སྐུ་མཁྱེན་ཞུ།
ག༽རྒྱ་ནག་དམར་གཞུང་གིས་ཁྱབ་བསྒྲགས་རྫུན་མ་འདྲ་མིན་ཇི་ལྟར་བྱས་མིན་ལ་མ་ལྟོས་པར། ཨ་རི་དང་ཡོ་རོབས་སོགས་ཀྱིས་གཙོས་འཛམ་གླིང་རྒྱ་ཆེའི་མང་ཚོགས་ཕལ་ཆེ་བས་ད་བར་ལོ་མང་རིང་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ལོ་ཤས་སྔོན་ནས་རྒྱ་དམར་སྲིད་གཞུང་གི་དངུལ་དངོས་བསླུ་བྲིད་ཀྱི་མགོ་སྐོར་འོག་ཚུད་ཅིང་། རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་གྱུར་བའི་མིང་དོན་མི་མཚུངས་བའི་བོད་མི་རེ་ཟུང་གིས་གདོན་འདྲེ་དོལ་རྒྱལ་ཟེར་བ་ཁ་ལ་ཁྱེར་ནས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོས་དད་རང་དབང་སྤྲད་ཀྱི་མི་འདུག་ཟེར་བ་སོགས་ལོག་བཤད་དང་། རྫུན་གཏམ་གང་མང་སྤེལ་བར་མ་ཟད། མི་ངན་དེའི་རིགས་ཀྱིས་ནུབ་ཕྱོགས་ཀྱི་མགོ་སེར་པོའི་མི་རེ་ཟུང་མགོ་སྐོར་བསླུ་བྲིད་ཀྱིས་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་བཅུག་པ་སོགས་དོན་ལ་རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་གྱུར་པ་དེ་རིགས་མཐོང་སྐབས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་བློ་ཕམ་ཆེན་པོ་འབྱུང་བཞིན་འདུག་ན། སླད་ནས་ནུབ་ཕྱོགས་ཡར་ཐོན་ཅན་གྱི་མང་ཚོགས་རྣམས་ཀྱིས་རང་ཉིད་རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་འགྱུར་མི་འཇུག་པ་དང་། བོད་མི་རིགས་ལ་དཀའ་སྡུག་གཉན་འཕྲང་ཆེན་པོ་འབྱུང་བཞིན་པའི་དུས་སྐབས་འདིར་བོད་མིའི་བདེན་དོན་ལ་ཁྱད་གསོད་རིགས་མི་གནང་བའི་རེ་བསྐུལ་ཞུ་བཞིན་ཡོད།
ང༽ གུས་པ་རང་ཉིད་ཀྱི་མི་ཚེ་འདིའི་རིང་བོད་མི་རིགས་ཀྱི་བདེན་དོན་དང་། འགྲོ་བ་མི་སྤྱི་ཡོངས་ཀྱི་རང་དབང་དྲང་བདེན་སྲུང་སྐྱོབ། འཛམ་གླིང་སྤྱི་དང་། བྱེ་བྲག་བོད་ཀྱི་སྐད་ཡིག་གིས་གཙོས་ཆོས་དང་རིག་གནས་ཉམས་པ་སླར་གསོ་འབྱུང་ཐབས་དང་། ཁོར་ཡུག་སྲུང་སྐྱོབ་དང་། འཕྲོད་བསྟེན་སོགས་ཡར་རྒྱས་ཆེད་དང་། འགྲོ་བ་མིའི་ཐོབ་ཐང་སོགས་མུ་མཐུད་ཡར་རྒྱས་གོང་འཕེལ་འབྱུང་ཐབས་སོགས། མདོར་ན་སྤྱི་ཚོགས་ཞབས་ཕྱིའི་ལས་ཀ་གང་ནུས་རེ་ཡུལ་དུས་གནས་སྐབས་ལ་བསྟུན་ནས་རང་ནུས་གང་ཡོད་བཏོན་ཏེ་ལས་ཀ་བྱེད་འཆར་ཡོད་ན། འཛམ་གླིང་གི་གཞུང་སྒེར་ཚང་མས་གུས་པར་མཐུན་འགྱུར་རྒྱབ་སྐྱོར་འབྱུང་བའི་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། དེ་ལྟར་གཞུང་སྒེར་ཚང་མས་མཐུན་འགྱུར་བརྩེ་གཟིགས་གནང་སྐྱོང་ཡོང་བར་སྐུ་མཁྱེན། །།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།