པེ་ཅིང་གི་དྲུག་བཞིའི་དོན་རྐྱེན་ལ་བོད་མིའི་གདུང་སེམས་མཉམ་བསྐྱེད།
ཟླ་འདིའི་ཚེས་༤ ཉིན་ནི་རྒྱ་ནག་པེ་ཅིང་དུ་སློབ་མས་ངོ་རྒོལ་བྱས་ཏེ་ལོ་༢༥ འཁོར་བའི་དུས་དྲན་ཡིན་པས། སྐྱབས་བཅོལ་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་ཡང་མང་གཙོ་དོན་གཉེར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
ཟླ་འདིའི་ཚེས་༤ ཉིན་ནི་རྒྱ་ནག་པེ་ཅིང་དུ་སློབ་མས་ངོ་རྒོལ་བྱས་ཏེ་ལོ་༢༥ འཁོར་བའི་དུས་དྲན་ཡིན་པས། སྐྱབས་བཅོལ་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་ཡང་མང་གཙོ་དོན་གཉེར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༦ ཚེས་༤ ཉིན་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག པེ་ཅིང་དྲུག་བཞི་དུས་དྲན་དང་འབྲེལ་བའི་བགྲོ་གླེང་གཏམ་བཤད་ཅིག་གོ་སྒྲིག་བྱས་ཡོད་པ་རེད།
དེར་བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད། བོད་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤ་ཡའི་འགན་འཛིན་རྡོ་རྗེ་ཚེ་བསྟན་བཅས་ཀྱིས། དྲུག་བཞིའི་དོན་རྐྱེན་གྱི་བརྒྱུད་རིམ་དང་། རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་བྱས་པའི་མཇུག་འབྲས་བཅས་ཀྱི་སྐོར། དེ་བཞིན་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་རྒྱ་རིགས་དང་། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་གི་ལས་འགུལ་བ་རྣམས་ལམ་འབྲེལ་ལམ་སྔར་ལྷག་འཛུགས་དགོས་སྐོར་སོགས་ཀྱི་ཐོག་གཏམ་བཤད་གནང་ཡོད་པ་རེད། དེ་བཞིན་ཉིན་དེར་དྲུག་བཞིའི་དོན་རྐྱེན་སྐོར་འདྲ་པར་རིགས་འདྲ་མིན་འགྲེམས་སྟོན་དང་། དྲག་གནོན་ཅི་ལྟར་བྱས་མིན་སྐོར་གྱི་གློག་བརྙན་བཤམ་སྟོན་བྱས་ཡོད་པ་རེད།
དྲུག་བཞིའི་དོན་རྐྱེན་གྱི་རྗེས་དྲན་ཉིན་༧གོང་ས་མཆོག་གི་ངོས་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ལ་དམིགས་བསལ་གྱི་གསུང་འཕྲིན་ཞིག་ཀྱང་གནང་ཡོད་པ་རེད།
༡༩༨༩ ལོའི་ཕྱི་ཟླ་༦ ཚེས་༤ ཉིན་རྒྱ་ནག་མཐོ་རིམ་སློབ་མ་ཚོས་རྒྱ་ནག་ལ་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་དགོས་པ། དཔོན་ཉམས་རིང་ལུགས་དང་། ལྐོགས་ཟ་རུལ་སུངས་རྩ་མེད་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། རྒྱ་ནག་གཞུང་གིས་དམག་དཔུང་བཏང་ནས་སློབ་མ་ཧ་ཅང་མང་པོ་དམར་གསོད་བཏང་ཡོད་པ་རེད། ལས་འགུལ་དེའི་ནང་ཞུགས་མཁན་མང་པོ་སྔ་ཕྱིར་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་ནང་ནས། ལུའུ་ཞ་པའོ་༢༠༠༨ ལོ་གཞུང་གིས་འཇུ་བཟུང་བྱས་ཏེ། ཁྲིམས་ཐག་བཅད་པ་དང་། ༢༠༡༠ ལོའི་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཁོང་ལ་ཐོབ་ཡོད་པ་རེད།
དྲུག་བཞིའི་ལས་འགུལ་དེ་རྒྱལ་སྤྱིའི་ཐོག་ཁྱབ་པ་དང་། རྒྱ་ནག་གི་སློབ་མའི་མང་གཙོའི་ལས་འགུལ་ཤུགས་ཆེ་ཤོས་ཆགས་ཡོད་པར་བརྟེན། ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱིས་“དྲུག་བཞི་”རྗེས་དྲན་དང་འབྲེལ་བའི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་དང་། རྒྱ་ནག་ནང་དུ་དུས་ཚོད་དེར་གཞུང་གིས་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།