འདི་ལོར་ངའི་སྐྱེས་སྐར་སྲུང་བརྩི་མི་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན།
དེ་རིང་རྒྱལ་དབང་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཉིན་རྒྱབ་ཕྱི་ནང་སེར་སྐྱ་སྟོང་ཕྲག་བརྒལ་བར་མཇལ་ཁ་གནང་སོང་།
དེ་རིང་རྒྱལ་དབང་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཉིན་རྒྱབ་ཕྱི་ནང་སེར་སྐྱ་སྟོང་ཕྲག་བརྒལ་བར་མཇལ་ཁ་གནང་སོང་།
ནམ་རྒྱུན་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུ་སྲོལ་ཡོད་ཀྱང་། འདི་ལོའི་འཁྲུངས་སྐར་ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་ཞིག་དང་། ཉིན་རྒྱབ་མང་ཚོགས་ལ་མཇལ་ཁ་གནང་བ་ཙམ་ལས་འཁྲུངས་སྐར་སྲུང་བརྩིའི་དམིགས་བསལ་མཛད་རིམ་གང་ཡང་མི་འདུག
ཕྱི་ཟླ་༦ པའི་ཚེས་༢༦ ཉིན་གྱི་སྔ་དྲོར་བཞུགས་སྒར་ངྷ་ས་ནོར་གླིང་ཉེ་འཁོར་གྱི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ། དཔལ་རྒྱལ་དབང་ཀརྨ་པ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ། རྒྱལ་དབང་ཀརྨ་པ་མཆོག་ལ་རྒྱུད་སྟོད་གྲྭ་ཚང་ནས་མཎྡལ་དང་སྐུ་གསུང་ཐུགས་རྟེན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་པའི་རྗེས། འཆར་ཅན་ལྟར་སེར་སྐྱ་མང་ཚོགས་ལ་ཉིན་གུང་གསོལ་ཚིགས་བཏང་སོང་བ་དང་། ཉིན་རྒྱབ་ཆུ་ཚོད་༢།༣༠ སྟེང་ཕྱི་ནང་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་མཇལ་ཁ་བཅས་གནང་སོང་།
ཉེ་ཆར་ཚུར་ཕུ་བླ་བྲང་ནས་རྒྱལ་དབང་ཀརྨ་པ་མཆོག་གི་གསུང་འཕྲིན་ཞིག་སྤེལ་ཡོད་པའི་ནང་། “འདི་ལོ་ནི་ངོས་རང་ལོ་༣༠ ཟིན་པའི་སྐྱེས་སྐར་དང་། བོད་ནས་རྒྱ་གར་དུ་སླེབས་ཏེ་ལོ་༡༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཏུ་ཁེལ་ཡོད་སྟབས། ངའི་སྐྱེས་སྐར་སྲུང་བརྩི་རྒྱ་ཆེར་བྱེད་དགོས་པའི་རེ་སྐུལ་ཞུ་མཁན་མང་པོ་བྱུང་སོང་ཡང་། ད་ལོར་ང་སྒེར་ངོས་ནས་སྐྱེས་སྐར་སྲུང་བརྩི་མི་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས”་སོགས་གསུངས་འདུག།
གསར་འགོད་པ་ངག་དབང་ཐར་པ་དང་ཏྲེ་ཧོར་ཐུབ་བསྟན།