དུས་དབང་ཆེད་མ་གཏོགས་གཞན་ཞལ་འདེབས་བསྡུ་སློང་བཀག་རྒྱུ་ཡིན།

ཟླ་འདིའི་ཚེས་༣ དུས་དབང་ལ་དྭགས་གླེ་རུ་དུས་དབང་དངོས་སུ་འགོ་འཛུགས་གནང་ཡོད་པ་ནའང་། ཚེས་༢ ཉིན་ད་དུང་གོ་སྒྲིག་ཡག་པོ་ཚར་མེད་པ་རེད། ཡིན་ཡང་ཚེས་༣ ཉིན་ལས་ཀ་གཅིག་ཀྱང་མ་ལྷག་པར་ཆ་ཚང་གྲ་སྒྲིག་ཚར་བ་བྱ་རྒྱུ་ཡིན་ཞེས། དུས་དབང་གོ་སྒྲིག་པ་ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་གིས་བརྗོད་བྱུང་།

ཟླ་འདིའི་ཚེས་༣ ཉིན་ལ་དྭགས་གླེ་རུ་དུས་དབང་དངོས་སུ་འགོ་འཛུགས་གནང་ཡོད་ནའང་། ཚེས་༢ ཉིན་ད་དུང་གོ་སྒྲིག་ཡག་པོ་ཚར་མེད་པ་རེད། ཡིན་ཡང་ཚེས་༣ ཉིན་ལས་ཀ་གཅིག་ཀྱང་མ་ལྷག་པར་ཆ་ཚང་གྲ་སྒྲིག་ཚར་བ་བྱ་རྒྱུ་ཡིན་ཞེས། དུས་དབང་གོ་སྒྲིག་པ་ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་གིས་བརྗོད་བྱུང་།

tsewang2དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་ས་ཐག་སྤྱི་ལེ་༨ ཀྱི་སར་ཡོད་པའི་ཞི་བའི་ཚལ་ཕོ་བྲང་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་༣༣ པ་དེ་དབུ་འཛུགས་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་༢ ཉིན་ད་དུང་གསུང་ཆོས་ར་བ་དང་། མི་མང་གི་སྡོད་གུར་སོགས་གྲ་སྒྲིག་ཆ་ཚང་གྲུབ་མེད་པར་བརྟེན། གསར་འགོད་པ་ཆེད་དུ་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཡོད་པའི་གོ་སྒྲིག་ཚོགས་ཆུང་གི་ལས་ཁུངས་སུ་སོང་སྟེ། གོ་སྒྲིག་པ་ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་ལ་གོ་སྒྲིག་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་ཡོད།
དྲི་བ། སང་ཉིན་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་འགོ་འཛུགས་གནང་རྒྱུ་རེད། ཡིན་ན་ཡང་ད་དུང་གསུང་ཆོས་ར་བ་དང་། མི་མང་གི་སྡོད་གུར་སོགས་གྲ་སྒྲིག་ཆ་ཚང་མ་ཚར་མེད་པས། སང་ཉིན་གྲ་སྒྲིག་ཆ་ཚང་ཚར་གྱི་རེད་དམ།
ལན། སྤྱིར་བཏང་ལ་དྭགས་ཀྱི་གནམ་གཤིས་ཀྱི་དཀའ་ངལ་འོག་གོ་སྒྲིག་ཆ་ཚང་ད་དུང་ཚར་ཡོད་མ་རེད། གྲ་སྒྲིག་བྱེད་བཞིན་པ་ཡིན། ཡིན་ན་ཡང་བརྒྱ་ཆ་དགུ་གོ་ལྔ་ཐམ་པ་དེ་གྲ་སྒྲིག་ཚར་ཡོད། སང་ཉིན་དུས་དབང་འགོ་འཛུགས་སྐབས་ལས་ཀ་གཅིག་ཀྱང་མ་ལྷག་པར་ཆ་ཚང་གྲ་སྒྲིག་ཚར་བ་བྱེད་རྒྱུ་ཡིན།

kalachakra3དྲི་བ། དེ་སྔོན་ཁྱེད་རང་ཚོས་སྡོད་གུར་༢༠༠༠ ཐམ་པ་གྲ་སྒྲིག་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་ལྟར། མི་མང་ལ་སྡོད་གུར་སོགས་གྲ་སྒྲིག་མ་ཐུབ་པའི་རྒྱུ་མཚན་གང་རེད།
ལན། དེ་སྔོན་དམག་མི་ཚོས་ང་ཚོར་མི་མང་གི་སྡོད་གུར་ཆ་ཚང་གྲ་སྒྲིག་བྱེད་རྒྱུའི་ཁས་ལེན་བྱས་ཡོད་རེད། ང་ཚོས་ཀྱང་དེ་བསྒུག་ནས་བསྡད་པ་རེད། ཡིན་ན་ཡང་ཁ་སང་ཁོང་ཚོས་མི་མང་གི་སྡོད་གུར་གཅིག་ཀྱང་གྲ་སྒྲིག་བྱས་མ་སོང་། དེར་བརྟེན་ང་རང་ཚོས་མི་མང་ལ་སྡོད་གུར་༡༠༠༠ ཐམ་པ་དང་། ཆུ་དང་གློག་སོགས་ཆ་ཚང་གྲ་སྒྲིག་བྱས་ཡོད།
དྲི་བ། སྡོད་གུར་རྒྱག་ཆེད་མི་མང་ས་ནས་ཞལ་འདེབས་བསྡུ་རྒྱུ་ཡིན་ཞེས་བཤད་འདུག དེ་འགྲོ་སོང་གིས་མ་འདང་བ་རེད་དམ།
ལན། དེ་འགྲོ་སོང་གིས་མ་འདང་བ་དེ་འདྲ་རྩ་བ་ནས་མ་རེད། དུས་འཁོར་དབང་ཆེན་དེ་ཆོས་ཕྱོགས་ཀྱི་བྱེད་སྒོ་རླབས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཞལ་འདེབས་འབུལ་མཁན་ཡོད་ན་མི་མང་རང་གི་འདོད་པ་རེད་མ་གཏོགས། ང་ཚོས་དེ་ལ་ཞལ་འདེབས་དགོས་ཞེས་བཀའ་བཏང་བ་དེ་འདྲ་མ་རེད། ཞལ་འདེབས་གནང་མི་གནང་དེ་མི་མང་རང་གི་འདོད་པ་རེད། སྡོད་གུར་ག་ཚོད་དགོས་ན་ང་ཚོས་གྲ་སྒྲིག་བྱེད་བཞིན་ཡོད། སང་ཉིན་གྲ་སྒྲིག་ཆ་ཚང་ཚར་བ་བྱ་རྒྱུ་ཡིན།

དྲི་བ། ཁྱེད་རང་ཚོས་དེ་སྔོན་དུས་འཁོར་དབང་ཆེན་འདིར་ཆོས་ཞུ་བ་འབུམ་གཅིག་དང་ཁྲི་ལྔ་འཛོམས་པའི་གསལ་བསྒྲགས་བྱས་ཡོད། ད་རེས་དངོས་སུ་མི་གྲངས་ག་ཚོད་ཅིག་འཛོམས་ཐུབ་ཡོད་རེད།
ལན། ང་ཚོས་ཐེངས་འདིའི་དུས་དབང་སྐབས་ཆོས་ཞུ་བ་གཅིག་འབུམ་ལྔ་ཁྲི་འཛོམས་ཐུབ་པའི་རེ་བ་རྒྱག་གི་ཡོད། ཡིན་ན་ཡང་ད་དུང་ཆོས་ཞུ་མི་གྲངས་ག་ཚོད་ཅིག་སླེབས་ཡོད་མེད་ཀྱི་གྲངས་ཀ་ཏག་ཏག་བཤད་ཐུབ་ཀྱི་མི་འདུག སྤྱིར་བཏང་ང་ཚོས་ཆོས་ཞུ་བ་ཚོར་ཆོས་ཞུ་བའི་ལག་ཁྱེར་བཟོ་ཡི་ཡོད་རེད། དེར་ཆོས་ཞུ་བ་ཐོ་འགོད་བྱེད་མཁན་ཚང་མ་བསྡོམས་ན་འབུམ་གཅིག་ལྷག་ཅིག་འདུག

དྲི་བ། དེ་སྔོན་ཁྱེད་རང་ཚོས་དུས་དབང་སྐབས་ཞལ་འདེབས་བསྡུ་བ་དང་། གཞས་སྣ་འཁྲབ་སྟོན་སོགས་བྱ་མི་ཆོག་པའི་གསལ་བསྒྲགས་བྱས་ཡོད་རེད། ཡིན་ན་ཡང་ད་རེས་འདིར་ཞལ་འདེབས་བསྡུ་མཁན་མང་པོ་འདུག་ལ། དེ་བཞིན་གཞས་སྣ་འཁྲབ་སྟོན་བྱས་ཏེ་མི་རེ་ལ་ཧིན་སྒོར་༢༠༠ ལེན་གྱི་འདུག དེ་ཚོིའི་ཐོག་ཁྱེད་རང་ཚོས་སྟངས་འཛིན་བྱ་འཆར་ཡོད་དམ།
ལན། རེད་དེ་སྔོན་ང་ཚོས་གསལ་བསྒྲགས་བྱས་པ་རེད། དེང་རབས་ཀྱི་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ། གཞོན་སྐྱེས་ཚོས་སྤྱོད་པ་འདྲ་མིན་འཁྲབ་ན་འགྲིག་གི་མ་རེད། དེར་བརྟེན་ང་ཚོས་བཀག་འགོག་བྱས་པ་ཡིན། ཡིན་ན་ཡང་ཁ་སང་གཞས་སྣ་འཁྲབ་སྟོན་བྱེད་ཀྱི་འདུག་ཟེར། ངས་དེ་ཚོ་ངེས་པར་བཀག་འགོག་བྱ་དགོས་ཞེས་བཤད་ཡོད། སང་ཉིན་དུས་དབང་སྐབས་གཞས་སྣ་འཁྲབ་སྟོན་དང་། དུས་དབང་ཞལ་འདེབས་མ་གཏོགས་ཞལ་འདེབས་འདྲ་མིན་བསྡུ་མཁན་གྱི་རིགས་ཚང་མ་བཀག་རྒྱུ་ཡིན། །

ལོ་སྔོན་མ་དག་གི་དུས་དབང་གོ་སྒྲིག་དང་བསྡུར་ན་ཐེངས་འདིའི་དུས་དབང་གོ་སྒྲིག་བྱེད་སྟངས་ཕྱོགས་ཡོངས་ནས་ཞན་པ་ཡོད་སྐོར་ཆོས་ཞུ་བ་ཚོས་བཤད་ཀྱི་འདུག་ལ། དེ་བཞིན་ཕྱི་ཚེས་༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣།༣༠ ཀྱི་སྟེང་དུས་འཁོར་དབང་ཆེན་ཐེངས་༣༣ པའི་གསུང་ཆོས་རྭ་བའི་ཉེ་ཁྲིས་སུ་ཡོད་པའི་གསར་འགོད་སྡེ་ཚན་གྱི་ལས་ཁངས་སུ། ཐེངས་འདིའི་དུས་དབང་གོ་སྒྲིག་པ་ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་༢༠༡༤ ལོའི་དུས་འཁོར་དབང་ཆེན་ཐེངས་༣༣ པ་དེ་ཟླ་འདིའི་ཕྱི་ཚེས་༣ ཉིན་ནས་དབུ་འཛུགས་གནང་རྒྱུ་ཡིན་སྐོར་བསྒྲགས་སོང་། །

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།