བླ་མ་ཟླ་བར་མི་མང་ལ་གསུང་ཆོས་གནང་བཅུག་འདུག
ཟླ་༨ ཚེས་༥ ལ་སེར་སྐྱ་མང་ཚོགས་ཚོས་རེ་བསྐུལ་ཞུས་པ་ལྟར། རྒྱ་གཞུང་གིས་བླ་མ་ཟླ་བ་ཤག་རོང་པོ་དགོན་དུ་ཕེབས་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག་པ་དང་། ས་གནས་མི་མང་ལ་བཀའ་དབང་དང་གསུང་ཆོས་བཅས་གནང་ཡོད་འདུག
ཟླ་༨ ཚེས་༥ ལ་སེར་སྐྱ་མང་ཚོགས་ཚོས་རེ་བསྐུལ་ཞུས་པ་ལྟར། རྒྱ་གཞུང་གིས་བླ་མ་ཟླ་བ་ཤག་རོང་པོ་དགོན་དུ་ཕེབས་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག་པ་དང་། ས་གནས་མི་མང་ལ་བཀའ་དབང་དང་གསུང་ཆོས་བཅས་གནང་ཡོད་འདུག
བླ་མ་ཟླ་བ་ལྔ་ཉི་ཤུའི་དོན་རྐྱེན་ཞེས་པའི་མིང་འདོགས་བྱས་ཡོད་པ་དང་། ལྔ་ཉི་ཤུའི་དོན་རྐྱེན་ཞེས་པ་ནི། ཕྱི་ལོ་༢༠༡༠ ཟླ་༥ པའི་༡༧ ཉིན་དགོན་པ་དང་དེའི་ཉེ་འཁོར་གྱི་ཁ་པར་སོགས་བརྒྱུད་ལམ་ཚང་མ་བཀག་སྡོམ་བྱས་པ་དང༌། ཟླ་བ་རིན་པོ་ཆེ་མཁྱེན་རབ་དབང་ཕྱུག་བསམ་གཏན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལ་རོང་པོ་ཆོས་རྗེ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་རྩད་གཅོད་ཀྱི་ཐོག་ལ་༧གོང་ས་མཆོག་དང་འབྲེལ་བ་བྱས་པའི་ཉེས་མིང་འོག་ལྷ་ས་ནས་འཛིན་བཟུང་བྱས་པ་དང། དེ་དང་མཉམ་དུ་དགོན་པའི་ལས་སྣེ་གྲྭ་དུང་ཕུག་དང། ངག་དབང་བྱང་ཆུབ། གྲྭ་ངག་དབང་ཐོགས་མེད། མི་སྐྱ་བཀྲ་ཤིས་དོན་གྲུབ་བཅས་འཛིན་བཟུང་བྱས་འདུག་པ་དེ་དག རྗེས་སུ་རིམ་བཞིན་གློད་གྲོལ་བཏང་ཡང། ངག་དབང་ཐོག་མེད་དང་མཁྱེན་རབ་ཐོག་མེད་གཉིས་ལོ་གཉིས་རིང་ལྷ་སར་བཙོན་འཇུག་བྱས་ནས་རྗེས་སུ་ཀློད་གྲོལ་བྱས་ཡོད་པ་རེད།
བླ་མ་ཟླ་བར་བླ་མའི་ཁེ་དབང་མེད་པར་བཟོས་པ་དང་། ཁོང་ལ་སྙུན་གཞི་ལྗི་བ་དང་ལོ་ན་མཐོ་བའི་རྐྱེན་གྱིས་སྨན་བཅོས་ཀྱི་ཆེད་རང་ཁྱིམ་དུ་བཞུགས་ཆོག་ཡོད་འདུག ནག་ཆུ་ཐོ་སྒོ་ལ་མན་ཆད་འགྲོ་བསྐྱོད་མི་ཆོག་པའི་ཁྲིམས་ཐག་ལོ་བདུན་ལ་བཅད་ཡོད་པ་རེད། འོན་ཀྱང་དེའི་སྐབས་སུ་རྒྱ་མིའི་ཉེན་རྟོག་པས་རྟག་ཏུ་འདྲི་རྩད་དང་། མི་སུ་དང་འབྲེལ་བ་བྱེད་བཞིན་ཡོད་མེད་སོགས་ཡང་ཡང་དམ་དྲག་བྱས་ཡོད་པ་རེད།
གནད་དོན་དེའི་རྐྱེན་པས་༢༠༡༣ ལོར་ཟླ་༧ ཚེས་༣༠ ཉིན་ཤག་རོང་པོ་དགོན་པ་སྒོ་རྒྱབ་པ་དང་། སྐབས་དེར་རྒྱ་གཞུང་གི་དམག་མི་སྟོང་ཕྲག་གཉིས་ལྷག་བཏང་ནས་དྲག་གནོན་བྱས་པ་དང་། གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས་སེར་སྐྱ་མང་པོ་ཞིག་ལ་ཉེས་རྡུང་དང་བཙོན་འཇུག དེ་བཞིན་བསམ་བློའི་སློབ་གསོ་ཞེས་པའི་བརྗོད་གཞིའི་འོག་བཀག་ཉར་བྱས་པ་ཁག་ཅིག་ཀློད་གྲོལ་བྱས་ཡོད་འདུག སྐབས་དེ་དུས་ནས་ས་གནས་སུ་དྲ་རྒྱའི་བརྒྱུད་ལམ་བཀག་སྡོམ་བྱས་པ་དེ་ད་དུང་ཡང་བཀག་ཡོད་འདུག
ཟླ་༨ ཚེས་༥ ལ་སེར་སྐྱ་མང་ཚོགས་ཚོས་རེ་སྐུལ་ཞུས་པ་ལྟར། རྒྱ་གཞུང་གིས་བླ་མ་ཟླ་བར་ཤག་རོང་པོ་དགོན་དུ་ཕེབས་ཆོག་པའི་ཆོག་མཆན་སྤྲད་དེ། ས་གནས་མི་མང་ལ་བཀའ་དབང་དང་གསུང་ཆོས་བཅས་གནང་ཡོད་འདུག ལོ་མང་རིང་ཟླ་བ་བླ་མ་མཁྱེན་རབ་དབང་ཕྱུག་བསམ་གཏན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་དགོན་པར་ཕེབས་སྒུག་བྱས་པའི་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་ཁ་བཏགས་ཁྱེར་ནས་དགའ་དད་ཆེན་པོས་ཕེབས་བསུ་ཞུས་ཡོད་འདུག དེ་ལས་གཞན་པའི་ཕེབས་དོན་གང་ཡིན་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།
ཤག་རོང་པོ་དགོན་པ་སྒོ་བརྒྱབ་པ་ཙམ་མ་ཟད་སེར་སྐྱ་མི་མང་ལ་དཀའ་ངལ་འཕྲད་པའི་སྐོར། ཕྱི་ཕྱོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དྲིལ་བསྒྲགས་ཤུགས་ཆེན་སོང་ཡོད་པས། ད་ལྟ་ཁོང་ལ་དབང་གནང་བཅུག་པ་དེ་ཆོས་དད་རང་དབང་ཡོད་པའི་རྣམ་པ་སྟོན་བྱེད་དུ་རྒྱ་གཞུང་གིས་གཡོ་བྱུས་ཞིག་ཡིན་སྲིད་པའི་དོགས་པ་བྱེད་མཁན་ཡང་ཡོད་འདུག
དེའི་སྐབས་བྱུང་བའི་དོན་རྐྱེན་དེ་ལ་རྒྱ་གཞུང་གིས་ལྔ་ཉི་ཤུའི་དོན་རྐྱེན་ཞེས་བཏགས་ཡོད་པ་དང༌། ནག་ཆུ་ས་ཁུལ་དུ་དགོན་སྡེ་བརྒྱ་དང་བཅུ་གསུམ་ཡོད་པའི་ནང་ནས་ཤག་རོང་པོ་དགོན་དེ་ཉིད་ལྷོད་གཡེང་གཏོང་མི་རུང་བའི་ནག་ཉེས་ཆེ་བའི་དགོན་པ་ཨང་དང་པོ་རུ་བགྲང་མྱོང་ཡོད་པ་རེད་ཅེས་ས་གནས་ནས་འབྲེལ་འགྲེལ་བརྗོད་གནང་སོང་།།