རྒྱ་ནག་དམར་ཤོག་གིས་མཐོ་རིམ་དཔོན་རིགས་ཟུར་པ་ལི་ཅིན་ཧྥ་ཡི་གནད་དོན་ཐག་གཅོད་བྱས།
ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་དགོང་མོར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཟུར་པ་ལི་ཅིན་ཧྥ་དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་དང་། སྤྱི་པའི་ལས་གནས་ནས་ཕྱིར་ཕུད། དེ་བཞིན་འབྲེལ་ཡོད་དོགས་གཞིའི་ཁྲིམས་འགལ་གྱི་གནད་དོན་ཁྲིམས་ཞིབ་ཚན་པར་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག
ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་དགོང་མོར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཟུར་པ་ལི་ཅིན་ཧྥ་དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་དང་། སྤྱི་པའི་ལས་གནས་ནས་ཕྱིར་ཕུད། དེ་བཞིན་འབྲེལ་ཡོད་དོགས་གཞིའི་ཁྲིམས་འགལ་གྱི་གནད་དོན་ཁྲིམས་ཞིབ་ཚན་པར་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག
ཕྱི་ཟླ་༧ པའི་ཚེས་༢༡ ཉིན་གྱི་དགོང་མོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ལི་ཅིན་ཧྥ་ཡིས་ཏང་གི་ཆབ་སྲིད་སྒྲིག་གཞི་དང་། ཆབ་སྲིད་སྒྲིག་སྲོལ། རྩ་འཛུགས་ཀྱི་སྒྲིག་ཁྲིམས། གསང་བའི་སྒྲིག་ཁྲིམས་བཅས་ལ་ཚབས་ཆེའི་རྒྱབ་འགལ་བྱས་པ་དང་། གོ་གནས་བེད་སྤྱད་དེ་མི་མང་པོའི་ཆེད་དུ་ཁེ་ཕན་བླངས་པ། ཁོང་རང་ཉིད་དམ་ཡང་ན་ནང་མི་བརྒྱུད་དེ་ལྐོག་རྔན་འབོར་ཆེན་ལེན་པ། ཁྲིམས་འགལ་སྒྲིག་འགལ་གྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ནང་སྙིང་གི་གསང་བ་ཕོན་ཆེ་ཁྱེར་བ། སྤྱོད་གཙང་གི་སྒྲིག་རང་ཁུར་གྱི་གཏན་འབེབས་ལ་རྒྱལ་འགལ་བྱས་པ། ཁོང་རང་ཉིད་དམ་ཡང་ན་བཟའ་ཟླ་བརྒྱུད་དེ་མི་གཞན་གྱི་རྒྱུ་ནོར་བླངས་པ། བཟའ་ཟླའི་ཆེད་དུ་ཚོང་གི་ཁེ་ཕན་ལེན་པ། བུད་མེད་མང་པོ་དང་མཉམ་དུ་ལུས་འབྲེལ་བྱས་ཏེ། དབང་ཆ་དང་ཆགས་སྲེད་ཉོ་ཚོང་སོགས་བྱས་པ། གོ་གནས་བེད་སྤྱད་དེ་ཉེ་འབྲེལ་གྱི་ཆེད་དུ་ཁེ་ཕན་བླངས་པའི་འགན་ཁུར་གཙོ་བོ་ཡོད་སྐོར་སོགས་བཀོད་འདུག
ཕྱི་ལོ་༢༠༡༤ ལོའི་ཟླ་༡༢ པའི་ཚེས་༢༢ ཉིན། རྒྱ་ནག་དམར་ཤོག་དབུས་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་ནས་ལི་ཅིན་ཧྤ་ཚབས་ཆེའི་སྒྲིག་འགལ་དང་འབྲེལ་བའི་དོགས་གཞིའི་འོག ཞིབ་བཤེར་བྱེད་བཞིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་རྗེས་རྒྱ་ནག་ནང་གི་བརྒྱུད་ལམ་ཁག་ཏུ་ལི་ཅིན་ཧྥ་དང་འབྲེལ་བའི་གནས་ཚུལ་མང་པོ་མཐོང་རྒྱུ་མེད་ཀྱང་། ཕྱི་ཟླ་༦ པའི་ཚེས་༡༨ ཉིན། རྒྱ་ནག་གི་ཀྲུང་ཧྭ་དྲ་བ་དང་། ཕང་ཕེ་གསར་འགྱུར་དྲ་བ། ཧྥང་ཧྭ་དྲ་བ་བཅས་བརྒྱུད་ལམ་ཆེན་པོ་གསུམ་གྱིས་སྔ་རྗེས་སུ་<<རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་རྟོགས་དུས་དེབ>>སྟེང་ཕྱི་ཟླ་༢ པའི་ནང་སྤེལ་བའི་རྩོམ་ཡིག་རྙིང་པ། ཁ་བྱང་ལ་<<ལི་ཅིན་ཧྥ་ཡི་རྒྱབ་ཏུ་ཁོང་ལ་བརྟེན་པའི་སྤུན་མཆེད་དང་བཟའ་ཟླ་གཙོས་པའི་མི་སྐོར་ཞིག་འདྲུད་པ>> ཞེས་་པ་བརྒྱུད་བཀོད་བྱས་ཡོད་ཅིང་། རྩོམ་ཡིག་ནང་“ཚབས་ཆེ་རང་བཞིན་གྱི་ཐོག་ནས་བལྟས་པ་ཡིན་ན། ཉེ་བའི་ལོ་ཤས་རིང་རུལ་སུངས་ཀྱི་རྣམ་པ་ཛ་དྲག་གི་ཕྱོགས་སུ་བསྐྱོད་བཞིན་པ་དང་། ས་ཁུལ་རང་བཞིན་གྱི་རུལ་སུངས། སྒྲིག་འཛུགས་རང་བཞིན་གྱི་རུལ་སུངས། ཁྱིམ་རྒྱུད་ཀྱི་རྣམ་པའི་རུལ་སུངས། རྡིབ་སྐྱོན་གྱི་རྣམ་པའི་རུལ་སུངས་སོགས་རྒྱུན་ཆད་མེད་པར་འབྱུང་བཞིན་པ་དང་། ལི་ཅིན་ཧྥ་མི་གཅིག་གི་རྒྱབ་ཏུ་ཁོང་ལ་བརྟེན་པའི་སྤུན་མཆེད་དང་བཟའ་ཟླ། སྤུན་ཆུང་གི་མནའ་མ་སོགས་མི་སྐོར་ཞིག་གི་ཁེ་ཕན་དང་འབྲེལ་ཡོད། ངོ་མ་ཕག་གིས་ཐུག་གུ་འདྲུད། ཐུག་གུས་སྐྱག་པ་འདྲུད་ཅེས་པ་ལྟར། མི་གཅིག་ལ་ཞིབ་བཤེར་བྱས་པ་དང་། མི་ཁྱུ་གཅིག་བརྩད་ཆོད་”ཅེས་བྲིས་ཡོད་པར་བརྟེན། མི་རྣམས་ཀྱིས་དེ་ནི་ལི་ཅིན་ཧྥ་ཡི་གནད་དོན་ཞིབ་བཤེར་ལ་ཡར་རྒྱས་ཀྱི་རྣམ་པ་མངོན་པའི་རྟགས་མཚོན་ཞིག་ཡིན་པའི་ངོས་འཛིན་བྱས།
ཕྱི་ཟླ་༧ པའི་ཚེས་༦ ཉིན། སྐམ་ས་ནང་ཁུལ་གྱི་དཔལ་འབྱོར་དུས་དེབ་གྲགས་ཅན་<<དངུལ་འབྱོར>>ཐོག་སྤེལ་བའི། འགོ་བརྗོད་ལ་<<ཀཱང་ཞི་སྦྱིན་བདག་གིས་ལི་ཅིན་ཧྥ་ལ་ཡུ་ཡེ་ཧུན་གོ་གནས་སྤར་ཆེད་སྒོར་ཁྲི་སྟོང་ཕྲག་འགའ་སྤྲད>>ཅེས་པའི་གནས་ཚུལ། རྒྱ་ནག་གི་དྲ་ཚིགས་ཆེ་ཁག་ཀུན་གྱིས་འཚང་ཀ་ཤིག་ཤིག་གིས་བརྒྱུད་འགོད་བྱས། ཡུ་ཡེ་ཧུན་ནི་ཀྭང་ཞི་ནིན་ཡེན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་ཡིན་ཞིང་། གནས་ཚུལ་དེའི་ནང་འཁོད་པ་ལྟར་ན། “ཁོང་གིས་ཝུ་ཀྲུའུ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེའི་འགན་ཁུར་སྐབས། ས་གནས་ཀྱི་སྦྱིན་བདག་འགས་དངུལ་བསྡུ་རུབ་བྱས་ཏེ་སྐབས་དེའི་དབུས་གཞུང་ལས་ཁང་གི་འགན་འཛིན་ལི་ཅིན་ཧྥ་ལ་སྒོར་ཁྲི་སྟོང་ཕྲག་འགའ་ཕུལ་ཏེ་ཁེ་ཕན་ལེན་རྒྱུའི་རོགས་རམ་བྱས་པའི་རྗེས། ཁོང་ད་གཟོད་གོ་གནས་འཕར་བའི་མྱུར་ལམ་དུ་ཞུགས་ཐུབ་པ་བྱུང་ཡོད།” གནས་ཚུལ་དེ་ཐོན་པའི་རྗེས་རྒྱལ་ཕྱི་ནང་གི་དཔྱད་བརྗོད་པ་ཚང་མས་དེ་ནི་དབུས་གཞུང་གིས་ལི་ཅིན་ཧྥ་ཡི་གནད་དོན་མི་རིང་བར་ཁྱབ་བསྒྲགས་བྱ་རྒྱུའི་རྟགས་མཚོན་གསར་ཤོས་ཡིན་པའི་ངོས་འཛིན་བྱས།
ཨ་རིར་རྟེན་གཞི་བྱས་པའི་རྒྱ་ཡིག་གི་པའོ་ཞུའུ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་མཐོ་རིམ་ནང་ཁུལ་ནས་ལི་ཅིན་ཧྥ་ལ་ནག་ཉེས་དྲུག་བཙུགས་ཡོད་པའི་ཁྲོད། སྒང་ལ་མགོ་སྐོར་དང་འོག་ལ་གསང་བ། ནམ་ལངས་སྦར་མོས་འགེབས་པ། དུས་ཡུན་རིང་པོར་ཁྲིམས་འགལ་གྱིས་སྲིད་གཞུང་གི་ཐོན་ཁུངས་བེད་སྤྱད་དེ་ཏང་ནང་ཁུལ་གྱི་མཐོ་རིམ་དཔོན་རིགས་ཀྱི་གསང་བ་བསྡུ་རུབ་བྱས་པ། ཕྱིའི་བརྒྱུད་ལམ་སྤྱད་དེ་དཀྲོག་གཏམ་སྤེལ་བ་དང་། ནང་ཁུལ་དུ་འཐབ་རྩོད་རྒྱུད་སྐུལ་བྱས་པ། (བྱ་སྤྱོད་ཀྱི་) གཏིང་མཐའ་ལས་བརྒལ་བ། ཕྱིའི་རྒྱལ་ཁབ་ཀྱི་མི་དང་འབྲེལ་བ་བྱས་པ། ཁོང་གི་བུ་རླངས་འཁོར་རྡིབ་སྐྱོན་དོན་རྐྱེན་ཁྲོད་ཀྱི་བུད་མེད་དཔང་པོ་ལྐོག་གསོད་བྱས་པ། ཁོང་རང་ཉིད་ཀྱི་དང་ཁྱིམ་རྒྱུད་ལ་ཚབས་ཆེའི་རུལ་སུངས་ཀྱི་གནད་དོན་ཡོད་སྐོར་སོགས་ཡིན་པ་རེད།
ཤིན་ཧྭ་གསར་ཁང་གིས་གིས་སྤེལ་བའི་གནས་ཚུལ་ཐོག་ནས་བལྟས་པ་ཡིན་ན། རྒྱ་ནག་དམར་ཤོག་གིས་ལི་ཅིན་ཧྥ་ལ་མཐའ་མཇུག་ཏུ་ཐག་གཅོད་བྱས་པའི་ཉེས་འཛུགས་དེ་སྔར་བཞིན་ལྐོག་ཟ་དང་། རུལ་སུངས་གཙོ་བོར་བཞག་ཡོད་ནའང་། ཏང་གི་ཆབ་སྲིད་སྒྲིག་གཞི་དང་། ཆབ་སྲིད་སྒྲིག་སྲོལ། རྩ་འཛུགས་སྒྲིག་ཁྲིམས། གསང་བའི་སྒྲིག་ཁྲིམས་སོགས་ཉེས་མིང་གི་འགོར་བཞག་འདུག ཕྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ཁ་ཤས་ནང་ངོས་འཛིན་བྱས་པ་ལྟར་ན། ལི་ཅིན་ཧྥ་ཡི་བུ་ལི་གུ་རླངས་འཁོར་ཧྥ་ལ་རི་རྟགས་ཅན་རྡིབ་སྐྱོན་ཁྲོད་འདས་གྲོངས་སུ་གྱུར་པའི་གནད་དོན་དེ། ལི་ཅིན་ཧྥ་གོ་གནས་ལས་ཟགས་པའི་ཐད་ཀར་གྱི་འགད་རྫས་ལྟ་བུར་གྱུར་ཡོད་ཅིང་། དེ་དང་མཉམ་དུ་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྔོན་སྲིད་དོན་པའི་ཁྲོད་དུ་ས་ཡོམ་བརྒྱུབ་སྟེ་གཡོ་འགུལ་ཆེ་པོ་ཐེབས་ཡོད།
ཕང་ཕེ་གསར་འགྱུར་དྲ་བས་ཤིན་ཧྭ་གསར་ཁང་གིས་ལི་ཅིན་ཧྥ་དམར་ཤོག་ཚོགས་མི་ནས་ཕྱུར་ཕུད་བྱས་ཏེ། ཁྲིམས་ཞིབ་ཚན་པར་རྩིས་སྤྲོད་བྱ་རྒྱུའི་གནས་ཚུལ་མ་སྤེལ་བའི་མི་རིང་བའི་སྔོན། ལི་ཅིན་ཧྥ་ཡི་ཕ་མ་གཉིས་ཀ་ད་ལོའི་ཕྱི་ཟླ་༣ པའི་ནང་སྔ་རྗེས་སུ་གྲོངས་པའི་གནས་ཚུལ་སྤེལ་ཡོད་པ་དང་། ལི་ཅིན་ཧྥ་ཡི་གཅེན་པོ་གཉིས་པ་ཧྲན་ཞི་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་ལི་ཀྲན་ཚི་ཡང་ཁྲིམས་འགལ་གྱི་གནད་དོན་འོག་གནས་དབྱུང་བཏང་ཡོད་ལ། ལི་ཅིན་ཧྥ་ཡི་ཨ་ཅག་གི་ཁྱོ་ག་ཡུན་ཁྲན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཝང་ཅེ་ཁང་འདི་ལོའི་ཕྱི་ཟླ་༡༠ པའི་ཚེས་༡༠ ཉིན་འཇུ་བཟུང་བྱས་ཡོད།
ལོ་སྔོན་མའི་ཕྱི་ཟླ་༡༢ པའི་ནང་། ལི་ཅིན་ཧྥ་གོ་གནས་ལས་ཟགས་པའི་གནད་དོན་དེ་ཅུང་གློ་བུར་བ་ཞིག་ཏུ་གྱུར། གང་ལགས་ཤེ་ན། དབུས་སྒྲིག་བཤེར་ལྷན་ཁང་གིས་གནས་ཚུལ་དེ་མ་སྤེལ་བའི་བདུན་ཕྲག་གཅིག་སྔོན་གྱི་ཕྱི་ཟླ་༡༢ པའི་ཚེས་༡༥ ཉིན། རྒྱ་ནག་དམར་ཤོག་དབུས་གཞུང་གི་འབྲེལ་ཡོད་ཚན་པའི་དུས་དེབ་སྟེང་། འགོ་བརྗོད་ལ་<<རྒྱ་ནག་གི་ཁྱད་ཆོས་ལྡན་རྒྱུན་འཛིན་བྱས་ཏེ་མི་རིགས་ཀྱི་གནད་དོན་ཡང་དག་པའི་ལམ་ནས་ཐག་གཅོད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་རྒྱ་ནག་གི་ཕུགས་མདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་བརྩོོོོན་བྱ་དགོས>> ཞེས་པའི་ལི་ཅིན་ཧྥ་ཡི་རྩོམ་ཡིག་ཅིག་བཀོད་ཡོད་པའི་ནང་། ལི་ཅིན་ཧྥ་ཡིས་ཞི་ཅིན་ཕིང་ལ་བློ་དཀར་སེམས་དཀར་ཡིན་པའི་རྣམ་འགྱུར་ཡང་ཡང་བསྟན་ཡོད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།