ལོ་གསུམ། རིན་ཐང་བྲལ་བའི་གསེར་གྱི་སྒོ་ང་གསུམ།
ཉེ་བའི་ཆར། རྣམ་ཀུན་བོད་ཀྱི་༧དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་། མཚན་སྨོད་བྱེད་མཁན་གྱི་སྐབས་འཚོལ་བ་དང་། དྲ་འབུ་མང་པོས་ངོ་དེབ་དང་སྐད་འཕྲིན་བརྒྱུད། སྲིད་སྐྱོང་མཆོག་གི་སྲིད་ཡུན་ལོ་གསུམ་ལ་བསྐྱངས་རིང་། རང་ཅག་བོད་ཚོར་ཐོབ་པ་ནི་སྒོ་ང་གསུམ་རེད་ཅེས་བྲིས་སྟེ་ཁྱབ་བསྒྲགས་བྱེད་ཀྱིས་ཡོད་པ་མ་ཟད།
ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
ཉེ་བའི་ཆར། རྣམ་ཀུན་བོད་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་། མཚན་སྨོད་བྱེད་མཁན་གྱི་སྐབས་འཚོལ་བ་དང་། དྲ་འབུ་མང་པོས་ངོ་དེབ་དང་སྐད་འཕྲིན་བརྒྱུད། སྲིད་སྐྱོང་མཆོག་གི་སྲིད་ཡུན་ལོ་གསུམ་ལ་བསྐྱངས་རིང་། རང་ཅག་བོད་ཚོར་ཐོབ་པ་ནི་སྒོ་ང་གསུམ་རེད་ཅེས་བྲིས་སྟེ་ཁྱབ་བསྒྲགས་བྱེད་ཀྱིས་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གི་ལྟ་ཉམས་དོད་པོའི་པར་རིས་དེའང་འཕྲུལ་ལས་གློག་ཀླད་ཀྱིས་མདོག་ངན་ཏུ་བཟོ་བཀོད་བྱས་ནས་སྒོ་ང་གསུམ་དང་བསྒྲིགས་པ་དང་། པར་རིས་དེའི་ཐོག་“ལོ་གསུམ། སྒོ་ང་གསུམ”ཞེས་བྲིས་སྟེ་ངོ་དེབ་དང་སྐད་འཕྲིན་སོགས་སུ་གང་བྱུང་གིས་གཏོང་བཞིན་ཡོད་པར་མཐོང་། ངས་པར་རིས་དེ་དང་ཡིག་ཕྲེང་དེ་དག་མཐོང་དུས། བློ་ཡུལ་ཏུ་ཤོངས་དཀའ་བའི་སེམས་ཚོར་གང་མང་རྦ་རླབས་ལྟར་ཕྱུར་ཏེ་ངའི་གཟུགས་པོ་ཡོངས་རྫོགས་ཀྱང་ལྗིད་ཏིག་ཏིག་འགྱུར།
དེས་མ་ཚད། རང་རིགས་བཙན་བྱོལ་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་མང་པོས་༧གོང་ས་མཆོག་ལ་མཚན་སྨོད་དང་གཞི་མེད་སྙོན་འཛུགས་བྱེད་མཁན་ལ་འདྲེ་མཐོང་མཐོང་དང་། སྲིད་སྐྱོང་མཆོག་ལ་མཚན་སྨོད་དང་གཞི་མེད་སྙོན་འཛུགས་བྱེད་མཁན་ལ་ལྷ་མཐོང་མཐོང་བྱེད་པ་མ་ཟད། ད་དུང་དེ་ཚོའི་གཞི་མེད་ཀྱི་སྐྱོན་བརྗོད་དག་ལ་རྒྱབ་སྐྱོར་ཚུལ་དུ་ཁོ་ཚོ་དང་མཉམ་དུ་འཛུམ་མོལ་མོལ་གྱིས་བསམ་ཚུལ་བརྗེ་རེས་་བྱེད་པ་དང་། ལས་སྣེ་སོགས་གོ་སྐབས་འདྲ་མིན་ཕུལ་ཏེ་གང་ཐུབ་ཀྱིས་བདག་གཉེར་བྱེད་པར་མཐོང་དུས་ང་རང་ཧ་ཅང་ཡ་མཚན་གྱི་འདུག་ལ། ད་དུང་མཚམས་རེར་དགོད་བྲོ་བ་དང་ལེན་རེར་སྐྱུག་བྲོ་བ་སྣང་། ༧གོང་ས་མཆོག་གིས་སྲིད་དབང་མང་ཚོགས་ལ་རྩིས་སྤྲོད་བྱས་པ་ནས་བཟུང་༧ཁོང་དང་སྲིད་སྐྱོང་མཆོག་གཉིས་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཐོ་ཤོས་གཉིས་སུ་གྱུར་ཡོད་པ་དང་། ༧གོང་ས་མཆོག་དང་སྲིད་སྐྱོང་མཆོག་སུ་ལའང་གཞི་མེད་སྙོན་འཛུགས་དང་མཚན་སྨོད་ཁ་རྡུང་བྱེད་མཁན་ཡོད་ན། དེ་དག་ལ་གཅིག་མཚུངས་ཀྱིས་ཁ་གཏད་གཅོག་དགོས་ཀྱི་ཡོད་པ་ལས། སོ་སོའི་ཐོབ་དབང་དང་ཁས་ཕན། ད་དུང་ཡུན་རིང་བསག་པའི་གཏིང་ནད་དང་འཁོན་འགྲས་སོགས་ཀྱིས་རྐྱེན་པས་ཆོས་སྲིད་ཀྱི་དབུ་ཁྲིད་གཉིས་ལ་ཧ་ཅང་ཐལ་དྲགས་བའི་དབྱེ་འབྱེད་ཀྱི་ལྟ་སྟངས་འཛིན་པ་ནི། རང་རིགས་ལ་ཞེན་ཁོག་མེད་པ་རེད་ལ། བོད་དོན་ལ་འགན་ཁུར་མེད་པ་རེད། དེས་མ་ཚད། ཐ་ཤལ་གྱི་བྱེད་སྟངས་འདི་རིགས་ནི་ཆབ་སྲིད་ཀྱི་གོ་རྟོགས་ཞན་ཞིང་རྒྱ་ནག་ལ་གཞོགས་འདེགས་ཀྱིས་བོད་འདི་མིང་མེད་དུ་བཟོ་བྱེད་ཅིག་ལས་ཅི།
༧དཔལ་ལྡན་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྲིད་ཡུན་ལོ་ངོ་གསུམ་གྱི་རིང་ལ། ཁོང་གིས་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་འགན་དབང་ཡོད་ཚད་ཕྲག་ཏུ་བླངས་ནས་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་གསུམ་གྱི་འབོད་སྒྲའི་འོག ༧གོང་ས་མཆོག་གི་བཀའ་དགོངས་བཞིན་མང་ཚོགས་ཀྱིས་འོས་འདེམས་བྱུང་བའི་སྲིད་སྐྱོང་གི་འཕོ་གྱུར་དེར་རྒྱུན་བརྟེན་དང་ལེགས་འགྲུབ་ཡོང་བ་མ་ཟད། བོད་དོན་གྱི་གཞི་རིམ་ཆབ་སྲིད་སྒྲོམ་གཞི་དང་དེའི་རྨང་གཞི་སོགས་སྔར་ལས་སྲ་བརྟན་ཡོང་བར་དྷ་རམ་ས་ལར་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མིའི་ཚོགས་ཆེན་དང༌། རྒྱ་གར་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བསྐོང་ཚོགས་ཞུས་པ་དང་། སི་ཌི་ནི་བཅས་ནང་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་དང༌། དྲིལ་བསྒྲགས་ཀྱི་ལས་དོན་རྒྱ་གང་ཆེ་སྤེལ་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཟུང་འབྲེལ་ཐོག་ཡུ་རོབ་སྤྱི་མཐུན་དང༌། ཨོ་སི་ཊོ་ལི་ཡ། སྦར་ཛིལ། ཉི་ཧོང༌། ཕ་རན་སི། ཨི་ཊ་ལི། ཨ་རི་བཅས་སོགས་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་དང་གྲོས་ཆོད་སོགས་འཇོག་ཐུབ་པ་བྱུང་ཡོད།
བོད་མིའི་སྤྱི་ཚོགས་དང་ཕྱི་རྒྱལ་ཁག་ཏུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཐབས་ལ་ནུས་ཤུགས་བཏོན་དང་འདོན་མུས་རེད་ལ། བོད་རྒྱ་ཞི་མོས་གང་མགྱོགས་ཡོང་བར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་དེ་ཚོགས་པ་རེད་ལ། བོད་དང་རྒྱ་ནག་ནང་འབྱུང་བཞིན་པའི་འགྱུར་བ་ཁག་ལ་བསམ་ཞིབ་གྲོས་བསྡུར་སོགས་ཀྱང་ཐེངས་མང་ཞུས་པ་རེད། བོད་རྒྱའི་དཀའ་རྙོག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་དཀའ་རྙོག་ཅིག་ཡིན་ཕྱིན། བོད་རྒྱ་འབྲེལ་མོལ་ཀྱི་དཀའ་རྙོག་དེ་སེལ་པར་ལས་སླ་པོ་ཞིག་གཏན་ནས་མ་རེད་ལ། བོད་རྒྱ་འབྲེལ་མོལ་དེའང་མི་ཚོས་བཤད་པ་ལྟར་ཡོང་ཆོག་ཆོག་ཅིག་དང་གོ་སྒྲིག་ཞུས་ཆོག་ཆོག་ཅིག་ག་ལ་ཡིན། དེ་ལ་ཡུན་རིང་གི་བསམ་བློ་གྲ་སྒྲིག་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་དགོས་པ་རེད་ལ། གཞུང་དམངས་གཉིས་ཀ་ནས་ཕྱི་གསལ་ནང་གསལ་ཞིག་ཡོང་དགོས་དུས། དེ་ལ་ད་རུང་ཡིན་ནའང་དུས་ཚོད་དགོས་ངེས་རེད་ལ། སྲིད་སྐྱོང་མཆོག་གི་དབུ་ཁྲིད་པའི་ད་ཐེངས་སྐབས་༡༤ པའི་བཀའ་ཤག་ངོས་ནས་རྒྱ་ཕྱོགས་དང་འཛམ་གླིང་གི་གཞུང་དམངས་ཚང་མར་བཙན་བྱོལ་སྒྲིག་འཛུགས་ངོས་ནས་གང་ཐུབ་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བཟང་སྤྱོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་ཀྱི་ཡོད་པ་སྟོན་ཐུབ་པ་སོགས་མི་མངོན་པའི་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་མང་ཏན་ཏན་བྱུང་ཡོད་ངེས་རེད།
ཁོང་གིས་སློབ་ཡོན་སྲིད་ཇུས་ལ་ལེགས་བཅོས་གནང་བ་དང་བོད་པའི་ན་གཞོན་རྣམས་ལ་ཐུག་འཕྲད་ཀྱིས་ཤེས་ཡོན་དང་མདུན་ལམ། ཐ་ན་སློབ་སྦྱོང་བྱེད་སྟངས་སོགས་ནས་བཀའ་སློབ་རབ་དང་རིམ་པར་ཕེབས་པར། ད་དེང་ཆར། ཁོང་ནི་བོད་རིགས་མཐོ་སློབ་སློབ་མ་རྣམས་གཙོས་བོད་ཀྱི་ན་གཞོན་རྣམས་ཀྱི་དགའ་མོས་དང་། མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་ཡོད་པ་རེད་ལ། ཁོང་གི་མཁྱེན་རྒྱ་དང་མཛད་སྤྱོད་ཡོད་ཚད་ཀྱང་བོད་རིགས་ན་གཞོན་མང་པོས་ཡི་རངས་དང་ཕུགས་བསམ་ཏུ་འགྱུར་ཡོད། འདི་དག་ཡོད་ཚད་མི་རིགས་ཤིག་ལ་མཚོན་ན་མི་མངོན་པའི་རླབས་ཆེན་གྱི་འགུལ་ཤུགས་ཤིག་རེད་ལ། ཁོང་གིས་མི་རིགས་འདིར་འཇོག་བའི་ལེགས་སྐྱེས་རེད། མི་རབས་འདིར་འཇོག་བའི་རིན་བྲལ་གྱི་ཁྱད་ནོར་ཞིག་ཀྱང་ལོས་ཡིན། ཁོང་ཉིད་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་ས་གནས་དེའི་མི་དམངས་དང་། འཛིན་སྐྱོང་ནས་ཁོང་ལ་གོང་བཀུར་དང་ཚད་མཐོའི་གདེང་འཇོག་སོགས་གནང་པ་མ་ཟད། ཁོང་གི་བཀའ་མོས་གནང་ཕྱོགས་དང་། དེང་རབས་ཀྱི་ཁྲིམས་ལུགས་དང་ཆབ་སྲིད་སོགས་ཀྱི་གོ་རྟོགས་དང་། མཁྱེན་རྒྱ་ལ་སུས་ཀྱང་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་གྱི་ཡོད། དེ་ནི་ཁོང་བོད་དོན་དུ་བྱུང་བའི་བློས་གཏོང་དང་ཡོན་ཏན་གྱི་དབང་གི་རེད་ལ། ཁོང་གི་ད་བར་བོད་དང་བོད་མི། བོད་དོན་སོགས་སུ་འཇོག་བའི་མཛད་རྗེས་ནས་བྱུང་བར་ཡང་ལོས་ཡིན། གལ་སྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྲིད་ཡུན་ལོ་གསུམ་འདི་ནི་སྒོ་ང་གསུམ་རེད་ཅེས་བཤད་ན། དེའང་རིན་ཐང་བྲལ་བའི་གསེར་གྱི་སྒོ་ང་གསུམ་ལོས་ཡིན།།