དོལ་རྒྱལ་གྱི་གནད་དོན་དེར་ཆོས་བརྒྱུད་ཚང་མས་འགན་ཁུར་རོགས།

“རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནོར་ཝེ་གཞུང་གི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་ཡོང་དུས། རྒྱ་གཞུང་གི་ཆབ་སྲིད་ཀྱི་བེད་སྤྱོད་འོག་ཚུད་ཀྱི་ཡོད་པ་དེ་གསལ་པོ་ཡིན་པས། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་བཀའ་ཤག་གི་ཚབ་བྱས་ཏེ་ཞུ་ཡི་ཡོད་”ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།

“རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནོར་ཝེ་གཞུང་གི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་ཡོང་དུས། རྒྱ་གཞུང་གི་ཆབ་སྲིད་ཀྱི་བེད་སྤྱོད་འོག་ཚུད་ཀྱི་ཡོད་པ་དེ་གསལ་པོ་ཡིན་པས། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་བཀའ་ཤག་གི་ཚབ་བྱས་ཏེ་ཞུ་ཡི་ཡོད་”ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ
སྲིད་སྐྱོང་བློ་བཟང་སེང་གེ

ཕྱི་ཟླ་༥ ཚེས་༩ ཉིན་སྲིད་སྐྱོང་བཟང་སེང་གེས་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། ༧གོང་ས་མཆོག་ཡུ་རོབ་ཁུལ་དུ་ཆིབས་བསྒྱུར་སྐོར་གསུང་དོན། “༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ཆིབས་བསྒྱུར་གནང་དང་གནང་མུས་རེད་ལ། དམིགས་བསལ་དེ་རིང་ནོར་ཝེ་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང་སྟེ། མཛད་འཕྲིན་ཞེ་དྲག་ཡག་པོ་ཡོང་གི་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད། མི་མང་གིས་དགའ་ཚོར་ཆེན་པོས་༧གོང་ས་མཆོག་ཕེབས་བསུ་ཞུ་ཡི་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བདུན་ཕྲག་གཉིས་རིང་གླེང་སློང་མང་པོ་བྱུང་རེད། ༧གོང་ས་མཆོག་ལ་དགའ་བསུ་ཞུ་ཡི་ཡོད་པ་དང་། དམིགས་བསལ་ད་ཐེངས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནོར་ཝེ་གཞུང་གི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེ་རྩ་བ་ནས་འགྲིག་གི་མེད་སྐོར་བརྒྱུད་ལམ་དུ་གཅིག་མཚུངས་རེད་ལ། མི་མང་གི་ངོས་ནས་ཀྱང་གཞུང་གི་གནད་ཡོད་མི་སྣས་མཇལ་འཕྲད་མ་གནང་བ་དེར་མོས་མཐུན་མེད་པ་དང་། ༧གོང་ས་མཆོག་ནོར་ཝེར་ཆིབས་བསྒྱུར་གནང་བ་དེ་བཀའ་དྲིན་ཆེན་པོ་ཡིན་པ་དང་། བརྩི་བཀུར་ཡོད་པའི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོང་གི་འདུག་”ཅེས་འགྲེལ་བརྗོད་གནང་སོང་།

སྲིད་སྐྱོང་གིས་མུ་མཐུད་དོལ་རྒྱལ་ཚོགས་པ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་སྐོར་གསུང་དོན། “དོལ་རྒྱལ་བསྟེན་མཁན་ཉུང་ཤས་ཤིག ཕལ་ཆེར་ལྔ་བཅུ་དྲུག་ཅུ་ལས་མི་འདུག མང་ཆེ་བ་ཕྱི་རྒྱལ་མི་རེད་འདུག ཁོང་ཚོས་གསར་འགྱུར་བརྒྱུད་ལམ་དུ་ནོར་ཝེ་གཞུང་གི་མི་སྣས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེར་རྒྱབ་སྐྱོར་ཡོད་ཅེས་བརྗོད་འདུག དེ་བློ་ཕམ་པའི་གནས་ཚུལ་ཡིན་པ་མ་ཟད། ཐབས་སྐྱོ་པོ་ཞེ་དྲག་རེད་བསམ་གྱི་འདུག གང་ཡིན་ཟེར་ན་དོལ་རྒྱལ་བསྟེན་མཁན་ཚོས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁ་ལ་ཁྱེར་བ་ཞིག་རེད་མ་མཏོགས། ཆབ་སྲིད་འཁྲབ་ཀྱི་ཡོད་པ་དེ་གསལ་པོ་ཆགས་པ་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནོར་ཝེ་གཞུང་གི་གནད་ཡོད་མི་སྣས་མཇལ་འཕྲད་མ་གནང་བ་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་ཡོང་དུས། རྒྱ་གཞུང་གི་ཆབ་སྲིད་ཀྱི་བེད་སྤྱོད་འོག་ཚུད་ཀྱི་ཡོད་པ་དེ་གསལ་པོ་ཡིན་པས། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་བཀའ་ཤག་གི་ཚབ་བྱས་ཏེ་ཞུ་ཡི་ཡོད་”ཅེས་གསུངས་སོང་།

སྲིད་སྐྱོང་གིས་མུ་མཐུད་དོལ་རྒྱལ་ཚོགས་པར་བཙན་བྱོལ་ནང་བོད་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོད་སྐོར་འགྲེལ་བརྗོད་གནང་སོང་ལ། དོལ་རྒྱལ་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་དང་། ཆོས་དད་རང་དབང་མེད་ཅེས་བཤད་པ་དེར་རྒྱལ་སྤྱིའི་འགྲོ་བ་ཐོབ་ཐང་ཚོགས་པ་དང་། རྒྱ་གར་གྱི་འགྲོ་བ་མིའིི་ཐོབ་ཐང་ལྟེ་གནས་ཁག ལྡི་ལི་ཁྲིམས་ཁང་བཅས་ནས་གཞི་མེད་ཡིན་པའི་ཐག་གཅོད་བྱས་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།

བཙན་བྱོལ་བོད་མི་ཚོར་རང་བཙན་ལག་དེབ་གཅིག་མཚུངས་སུ་རག་གི་ཡོད་སྐོར་དང་། སྐྱབས་བཅོལ་ལག་དེབ་(RC) ལེན་རྒྱུ་དང་། ཕྱི་རྒྱལ་ཁག་ཏུ་འགྲོ་བསྐྱོད་སྐབས་ཀྱི་ཡིག་ཆ་ཚང་མར་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་སོགས་དོལ་རྒྱལ་བསྟེན་གྱི་ཡོད་མེད་ལ་དབྱེ་འབྱེད་མེད་པར་ཚང་མར་གཅིག་མཚུངས་ཀྱིས་སྤྲོད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་སོང་།

སྲིད་སྐྱོང་གིས་མུ་མཐུད་གསུང་དོན། “དོལ་རྒྱལ་བསྟེན་མཁན་ཚོས་ཨ་རི་དང་ཡུ་རོབ་ཁུལ་དུ་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལ་ངོ་རྒོལ་བྱས་པ་དེ། ཁོང་ཚོས་ཆབ་སྲིད་འཁྲབ་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་དེ་ཆགས་ཡོང་གི་ཡོད་པ་རེད། དོལ་རྒྱལ་གྱི་གནད་དོན་དེ་དགེ་ལུགས་གཅིག་པུའི་གནད་དོན་མིན་པ་དང་། ཆོས་བརྒྱུད་ཚང་མས་གནད་དོན་ཆགས་ཡོད་པ་དང་། བོད་ཕྱི་ནང་ཚང་མས་འགན་ཁུར་དགོས་པ་དེ་གསལ་པོ་རེད། རྒྱ་གར་དང་ཨ་རིའི་གསང་བའི་སྙན་ཐོའི་ནང་༧གོང་ས་མཆོག་གི་སྐུ་ཕྱྭར་དོལ་རྒྱལ་ཚོགས་པའི་ཉེན་ཁ་ཡོད་པ་དེ་གསལ་ཡོད་པ་ཚང་མས་མཁྱེན་གྱི་ཡོད་པས། བོད་མི་ཚང་མ་དང་། ཆོས་བརྒྱུད་ཚང་མས་དེའི་ཐོག་འགན་ཁུར་རོགས་”ཞེས་གསུངས་སོང་།

Leave a Reply

Your email address will not be published. Required fields are marked *