མོན་ཆང་ཞིམ་པོ་ཞིག་བཏུང་ཆེད་སང་ལོ་རྟ་དབང་ལ་ཐོན་འགྲོ

བླ་མའི་མཛད་པ་མཛད་སྒོས་བསྟོད་རྒྱུ་གཅིག་པུ་ཡིན་མིན་གང་ལྟར། བོད་ནང་དུ་རྒྱ་མིས་མེ་མདའི་ཁ་འོག་ན་གོང་ས་མཆོག་གི་གྱ་སྟོན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པ་ནི་ངོ་མ་བློ་ཁོག་རང་རེད། ཡིན་ན་ཡང་། གོས་ས་མཆོག་སྐུ་སྒེར་ལ་མཚོན་ན་བརྟན་ཞུགས་དང་ཆེ་བསྟོད་ཀྱི་བྱེད་སྒོ་སྣ་ཚོགས་མང་སྐྱོན་མེད་ཀྱང་ཉུང་དྲགས་མེད་པ་ཁོང་གིས་ཡང་ཡང་གསུངས་ཡོད

 མོན་ཆང་ཞིམ་པོ་ཞིག་བཏུང་ཆེད་སང་ལོ་རྟ་དབང་ལ་ཐོན་འགྲོ   

ཨ་ཚོགས་ཀླུ་མཁར་བྱམས།

བླ་མའི་མཛད་པ་མཛད་སྒོས་བསྟོད་རྒྱུ་གཅིག་པུ་ཡིན་མིན་གང་ལྟར།  བོད་ནང་དུ་རྒྱ་མིས་མེ་མདའི་ཁ་འོག་ན་གོང་ས་མཆོག་གི་གྱ་སྟོན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པ་ནི་ངོ་མ་བློ་ཁོག་རང་རེད། ཡིན་ན་ཡང་། གོས་ས་མཆོག་སྐུ་སྒེར་ལ་མཚོན་ན་བརྟན་ཞུགས་དང་ཆེ་བསྟོད་ཀྱི་བྱེད་སྒོ་སྣ་ཚོགས་མང་སྐྱོན་མེད་ཀྱང་ཉུང་དྲགས་མེད་པ་ཁོང་གིས་ཡང་ཡང་གསུངས་ཡོད་་་་་་་

ཁ་ཉིན་ཟླ་༦ ཚེས་༢༡-༢༣ བར་བཞུགས་སྒར་རྡ་སར་གཞུང་སྒེར་ཚོགས་པ་ཁག་མཉམ་འབྲེལ་གྱིས་གོང་ས་མཆོག་གི་གྱ་སྟོན་འཚོགས།  ཁོང་གི་སྙན་གྲགས་དང་འབྲེལ་ནས་རྡ་རམ་ས་ལའི་(ལྷ་ས་ཆུང་བ)རི་སྒང་སྤུག་སུག་དོག་པོ་འདིར། བོས་དང་མ་བོས་ཀྱི་མདོ་འཛིན་པ་ཁ་བ་འབབ་འབབ། བསུས་དང་མ་བསུས་ཀྱི་སྐུ་མགྲོན་བྱ་རྒོད་ཐེད་ལ་འཁོར་འཁོར་བྱས་ཡོད། འདི་དག་ཚང་མ་རྒྱུས་ཡོད་ཅིག་ལ་མཚོན་ན་གསར་པ་ཅང་མ་རེད། ལོ་འདི་གཅིག་པོར་ཨ་རི་དང་། ཡུ་རོབ། ཉི་ཧོང་སོགས་རྒྱལ་ཁབ་དང་། ཡུལ་ལུང་འདྲ་མིན་ནས་གྱ་སྟོན་གྱི་བྱེད་སྒོ་སྣ་ཚོགས་གོ་སྒྲིག་བྱེད་བཞིན་པ་དང་།  རྡ་སར་ཆོས་དཔོན་ཊི་ཊི་སྒེར་གྱིས་གོ་སྒྲིག་གནང་བའི་གྱ་སྟོན་འཚོགས་ཚར་མ་ཐག་རེད།

ད་རེབ་ཅུང་མ་འདྲ་ས་ཞིག་ཡོད་དབང་བྱས་ན། གྱ་སྟོན་ཐོག་གོང་ས་མཆོག་གིས་ཨ་རི་ན་ཅལ་གྱི་མངའ་སྡེ་སྲིད་སྐྱོང་ལ་”མོན་ཆང་ཞིམ་པོ་ཞིག་བཏུང་ཆེད། ང་སང་ལོ་རྟ་དབང་ལ་ཡོང་གི་ཡིན། ས་གནས་ཡུལ་མི་ཚོར་ལན་དེ་འཕྲོད་པ་གྱིས”ཞེས་བཞད་མོ་དང་བཅས་ལྗགས་ལན་བསྐུར་བ་འདི་ཡིན།   དེ་མུར་ངའི་སེམས་སུ་ཚངས་མགུར་ནང་གི་”བྱ་ཏེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་ཡོང་། །”ཞེས་པའི་ཚན་པ་འདི་ཡིད་ལ་དྲན་དུ་བཅུག མགུར་གླུ་ཚན་པ་འདི་རང་ག་བ་ཞིག་མིན། རྒྱལ་དབང་དྲུག་པས་གང་གི་ཡང་སྲིད་ཁམས་ལི་ཐང་ནས་འཁྲུངས་རྒྱུའི་མངོན་ཤེས་གསུང་བར་བཤད། དེ་ན་ཏཱ་ལའི་བླ་མས་མོན་ཆང་ཞིམ་པོ་ཞིག་བཏུང་ཆེད། སང་ལོ་རྟ་དབང་ལ་ཕེབས་འཆར་འདི་ཡང་བརྡ་མཚོན་ཞིག་ཡིན་ཆོག

རྒྱལ་སྤྱིའི་ཐོག་གྱ་སྟོན་དང་འབྲེལ་ནས་གྱ་ཚོམ་གྱི་གླེང་གཞི་ཞིག་ཡོང་བཞིན་པ་ནི་ཡང་སྲིད་སྐོར་རེད། དེ་བཞིན་ལོ་འགའ་ཤས་གོང་ནས་རྡ་སར་གནས་མཇལ་དུ་ཡོང་བ་ཡིན་ཟེར་མཁན་གྱི་རྒྱ་མི་ཁྲ་ཁྲ་རིག་རིག་ཚོ། ད་དུང་བོད་དོན་ལ་ཤ་ཚ་ཡོད་མདོག་སྟོན་མཁན་ཕྱི་སྡོད་རྒྱ་རིགས་ཚོའི་ནང་། བོད་དོན་དང་འབྲེལ་ནས་མི་དོན་རྒྱུ་ཆ་( human resource )ཞིག་མངོན་ལྐོག་གཉིས་ན་འཚོལ་བཞིན་པ་ནི། ཏཱ་ལའི་བླ་མའི་སྐུའི་འཕྲོད་བབ་དང་། ཉིན་རེར་ཞལ་ལག་བཞེས་ཚད། སྨན་ཁང་ནས་བརྟག་དཔྱད་བྱས་པའི་མཇུག་འབྲས་སོགས་རེད། གནས་ཚུལ་དེ་དག་གི་རྐྱེན་པས་གོང་ས་མཆོག་གིས་ཀྱང་ད་རེབ་ཆེད་དུ་དམིགས་ཏེ། གང་གི་སྐུ་གཟུགས་བདེ་ཐང་ཡིན་པ་དང་། (གྱ་སྟོན) རྗེས་ནས་(གོ་སྟོན་)ཡོད་པའི་སྐོར་མང་ཚོགས་ལ་སེམས་གསོ་གནང་དགོས་ཐུག་ཡོད།

ཁ་ཉིན་སྲིད་བློན་མའོ་ཏེ་རྒྱ་ནག་ལ་ཕེབས་སྐབས་དང་བསྟུན། རྒྱ་གཞུང་གིས་བོད་ཐོག<<རྒྱབ་ཤ་དཀར་པོའི་དེབ་>>ཟེར་བ་བཏོན་པའི་ནང་། ཁོ་ཚོས་རྒྱ་ནག་ནང་ན་ཡོད་པའི་གནམ་བདག་ཆོས་ཁང་ཁག་གི་དབུ་བླ་ཝེ་ཊི་ཀན་(Vatican )ནས་བསྐོ་མི་ཆོག་ལུགས་བཙན་བཀའ་གཏོང་བཞིན་པ་ལྟར། ཏཱ་ལའི་ཡང་སྲིད་ཀྱང་རྒྱ་ནག་གི་བདག་དབང་དང་འབྲེལ་བ་ཡོད་པས། ཡང་སྲིད་རྗེས་མ་དེ་གང་ནས་འཁྲུངས་མིན། ཡང་སྲིད་མ་གཞི་ནས་སྲིད་པའི་ཁམས་ལ་ཕེབས་དགོས་མིན། ད་དུང་སྡུག་ས་ནས་བཤད་ན་(ཁོང་ཚང་མི་ཡུལ་ནས་ག་ཚོད་ཅིག་ལ་བཞུགས་ཆོག་མིན་) ཏང་གིས་ཐག་གཅོད་རྒྱུ་ལས། ཏཱ་ལ་ཁོ་རང་ལ་དབང་ཚད་མེད་ལུགས་ཉ་ཉོག་ལུང་པ་གང་བཤད་ཡོད་ལ། ང་ཚོས་གནད་དོན་འདི་ལས་པེ་ཅིན་ལ་ཡང་སྲིད་ཐད་བྲེལ་བ་ལངས་བཞིན་པ་རྟོགས་ཐུབ།

གང་ལྟར་གནས་ཚུལ་ཞིག་ལྷགས་པའི་ཉིན། སྐུ་ཞབས་ཝང་ལི་ཞུང་གི་སྔོན་དཔག་བརྩམས་སྒྲུང་ནང་བཀོད་པ་ལྟར། རྒྱ་གཞུང་གི་ཧུར་བརྩོན་དང་སྐུ་སྒེར་ཡིག་ཚང་གི་ནང་རུལ་གཉིས་བསྡུར་ན། ཏཱ་ལའི་སྐུ་གཤེགས་པའི་གསར་འགྱུར་དང་པོ་ཕྱི་ལ་བསྒྲགས་མཁན་ཡང་པེ་ཅིན་ཡིན་སྲིད་པ་ཁོང་ལ་སེམས་ཁྲལ་བྱུང་འདུག་ལ། ངས་བསམ་ན་དེ་ནི་གཞི་མེད་ཀྱི་སེམས་ཁྲལ་ཞིག་མིན། བཤད་ཚོད་ལ་<<མི་མང་ཉིན་རེ་ཚགས་པར་>>ཁང་གིས་【ཏཱ་ལའི་གནོངས་འགྱོད་ངང་ཡུལ་བྱོལ་ནས་གཤེགས་པའི་】 སྐོར་གསར་འགྱུར་ཡན་ཆད་བྲིས་ནས། ཟླ་ཚེས་གཅིག་པོ་ཁ་སྐོང་བྱ་རྒྱུར་དུས་ཚོད་ཅིག་ལ་བསྒུག་ནས་བསྡད་ཡོད།
ཞི་ཅིན་ཕེན་ཡར་ལ་སླེབས་པ་ནས། ཁོ་དང་ཁོའི་ལས་རོགས་ཚོས་(པེ་ཅིན་པཎ་ཆེན)  ལག་སྣེར་མངོན་གསལ་གྱིས་དེད་ཡོང་གི་ཡོད་ཁར། ཉིན་ཤས་གོང་ཞི་པཎ་གཉིས་ཀྱིས་ཐུག་འཕྲད་བྱས་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་པ་སོགས་ལ་གཞིགས་ན། ཞི་ཅིན་ཕེན་གཞུང་གིས་ཏཱ་ལའི་བླ་མ་ཁོང་གི་ལས་རྒྱུན་དང་པོའི་རིང་དག་ཞིང་ལ་ཕེབས་རྒྱུར་གཅིག་གྱུར་ཐོག་ཚོད་བསྒམ་བྱས་ཡོད་པ་བདེན་ཤོས་ཆེ་ལ། དེ་འདྲར་སོང་ཏཱ་ལའི་ཡང་སྲིད་རྒྱ་གར་ནས་འཁྲུངས་འཇུག་མིན་སྐོར། མའོ་ཏེས་རྒྱ་ནག་ལ་གཟིགས་སྐོར་སྐབས་སྔོན་འགྲོའི་ཆ་རྐྱེན་གྱི་ཚུལ་དུ་བཏོན་ནས། ཆབ་སྲིད་ཀྱི་ལྐོག་ཚོང་ཡིད་ཚིམ་པ་ཞིག་རྒྱགས་དགོས་བསམ་མེད་དམ་སྙམ་ནས་ང་ལ་དོགས་པ་བྱུང་།

དོགས་གཞི་འདིའི་ཁུངས་སྣེ་བཙལ་ན།  རྒྱ་གར་ནག་གི་སྲིད་དོན་ཚོང་པ་ཚོས། བོད་ཀྱི་ཏཱ་ལའི་བླ་མ་སྟེ(རྒྱ་གར་ཤར་ལིའི་སྐུ་འདྲ་)རྩ་ཆེན་འདིར་གོང་ཚད་གཅོད་སྐབས། རང་སྟངས་ཀྱི་རིན་ཐང་དང་། དད་དམ་ཙམ་ལས་ལྷག་པའི་ཁྱད་པར་བ་ཞིག་ལ་མཐོང་གི་ཡོད་ལ། དེ་ནི་སྲིད་དོན་ཚན་རིག་གི་བརྡ་སྐད་གསར་པ་འཇམ་པའི་སྟོབས་ཤུགས་(soft power )ཀྱི་འགྲན་རྩོད་ཡིན། དེ་བས་གཞི་རིམ་མང་ཚོགས་ཁྲོད་དཔལ་ཡོན་འགྲེལ་བརྗོད་ཀྱི་འགལ་འདུར་(cultural clash)གདོང་གཏད་ནས་ཡོང་བའི་སྲིད་བློན་མའོ་ཏེས་ལགས་ཀྱིས། རང་གི་ལག་ན་ཡོད་པའི་ཏཱ་ལའི་བླ་མ་གསོན་པོ་ཞིག་དང། ཁོང་གི་ཡང་སྲིད་ཀྱི་རྣམ་ཤེས། ད་དུང་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དགེ་རྩ་ཚོགས་པ་སོགས། རྒྱ་གར་གྱི་རྨང་གཞིའི་འཛུགས་སྐྲུན་ཆེད། རྒྱ་མིར་ལྕགས་ལམ་བཟོ་ཆེད་ཀྱི་ལྷུ་ལག་འགར་བརྗེ་མི་སྲིད་པ་ང་ལ་ཡིད་ཆེས་ཡོད། གནད་དོན་འདིས་ཐད་ཞི་ཅིན་ཕེན་ཡང་སྲིད་ལ་རྔམ་ནས་མའོ་ཏེར་ཉམས་ཚོད་ལེན་རྒྱུ་དམའ་དྲགས་སོང་།

ཏཱ་ལའི་བླ་མའི་གང་གི་ཡང་སྲིད་ཐད་བཀའ་མོལ་གོ་རྒྱུ་ཅན་ཞིག་གནང་བ་ནི། ཁོང་གིས་”གལ་སྲིད་ངོས་ཀྱི་ཡང་སྲིད་སླར་ཡང་སྲིད་པའི་ཁམས་འདིར་བྱོན་དགོས་ན། ཡང་སྲིད་བྱོན་པའི་དམིགས་ཡིད་སྐུ་གོང་མའི་མཛད་པ་འཕྲོ་ཅན་སྐྱོངས་ཆེད་ཡིན་སྟབས། རྒྱ་དམར་ལག་འོག་ནས་སྐྱེས་ན་དེ་ལྟར་འགྲུབ་རེ་མེད་པས། རང་དབང་ལུང་པ་ཞིག་ནས་ཡང་སྲིད་སྐྱེས་དགོས་པ་ཕྱི་རྐྱེན་གྱིས་ཐག་བཅད་པ་རེད་”ཅེས་སྔ་ས་ནས་གསུངས་ཡོད་ལ། སྐབས་འདིས་རང་དབང་ལུང་པ་གསུངས་པ་ཤེས་རིག་གི་རྒྱབ་ལྗོངས་དང་། ས་ཁམས་ཆབ་སྲིད་( Geopolitic )གང་ཐད་ནས་བཤད་ན། ཧི་མ་ལ་ཡའི་རི་ཁུལ་ཞིག་ལ་དམིགས་པ་གཏད་ཡོད་པ་གསལ་པོ་རེད།  གཞན་ཡང་ཕྱི་ལོ་༢༠༡༡ ལ་གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲད་ནས་བགྲེས་ཡོལ་ལ་ཕེབས་མ་ཐག ཁོང་གི་སྐུ་འཁོར་ནང་མི་ཚོས་བྲེལ་ཟིང་ངང་ལས་དོན་གཞན་ཞིག་བསྒྲུབས་པ་ནི། དེ་སྔར་བོད་གཞུང་གི་དཀོར་མཛོད་དང་ངོ་བོ་དབྱེར་མེད་ཡིན་པའི་སྐུ་སྒེར་ཡིག་ཚང་དེ། ཟུར་དུ་བླ་བྲང་དགའ་ལྡན་ཕོ་བྲང་གི་མིང་ཐོག་ནས་(ཐེབས་རྩ་ཚོགས་པ་)ཞིག་ལ་བསྒྱུར་བ་དང་། ཚོགས་གཙོ་ཟམ་གདོང་གིས་གནང་གི་ཡོད་ཚོད་རེད་ལ། ཁོང་ཚོས་ཚོགས་པ་དེ་བཞིན་རྒྱ་གར་གྱི་ཁེ་མེད་མཐུན་ཚོགས་ཁུངས་དེབ་སྐྱེལ་བྱས་པ་འདི་ཡིན། དེ་བས་རྒྱ་གར་ནག་གཉིས་ཀྱི་རྒྱལ་དོན་གྲོས་མོལ་ནང་། ཞི་ཅིན་ཕེན་གྱིས་ཏཱ་ལའི་ཡང་སྲིད་ཀྱི་ཚོང་རྟགས་ཁ་དབང་(trade mark)ཐད་ཚིག་འགོ་གླེང་མ་ཐག ཚོང་ལ་དབྱིངས་ཡོད་པའི་མའོ་ཏེས་སེམས་ཁུངས་ནས་གད་མོ་འཆོར་རྒྱུ་ཉག་གཅིག་རེད།

དེས་ཀྱང་ག་ལ་ཚད། ཏཱ་ལའི་བླ་མས་རང་གི་སྐུ་ཚེ་གང་བོར་བོད་རྒྱལ་ཁབ་སླར་གསོ་མ་ཐུབ་རུང་། རྡ་སའི་རི་སྒང་ལ་ཆགས་པའི་བླ་བྲང་ཆུང་ཆུང་འདི་ཚང་། ནང་བསྟན་ཡོངས་ཀྱི་ཝེ་ཊི་ཀན་(Vatican )ཞིག་ཆགས་ན་བསམ་པའི་རྨི་ལམ་སྔོན་ནས་གཏོང་མྱོང་ལ། གོང་ས་སྐུ་ཕྲེང་བཅུ་གསུམ་པས་ཀྱང་དེ་ལྟར་ཐུགས་རེ་འཆང་མྱོང་བ་ཡིག་ལམ་ཁག་ན་མཐོང་རྒྱུ་འདུག སྐུ་ཕྲེང་བཅུ་བཞི་པའི་གནད་དོན་འདིར་དམིགས་བསལ་དོ་ཁུར་བྱས་ཡོད་ལ། ཁོང་གི་ཕྱག་གཡས་པ་དང་གཡོན་པར་བཤད་པའི་བླ་མ་ཟམ་གདོང་གིས། “ནང་བསྟན་དར་སྤེལ་ཐུབ་ཚེ་བོད་མི་རིགས་ཉམས་རྒུད་ཕྱིན་ཡང་སྐྱོན་མེད་”ལུགས་ཁ་གསང་མྱོང་། ད་ལྟའི་ཆར་ཏཱ་ལའི་བླ་མའི་རྒྱལ་སྤྱིའི་ཤུགས་རྐྱེན་དང་སྙན་གྲགས་ཐད་ནས་བཤད་ན། རི་ངོགས་ཀྱི་ཕོ་བྲང་ཆུང་ཆུང་འདི་ལ་ནང་པའི་ཝེ་ཊི་ཀན་ཞིག་གི་དབང་ཚད་ཡོད་མེད་གང་ལྟར། དེ་འདྲ་ཞིག་གི་ཤུགས་རྐྱེན་ལས་ཡོངས་སུ་བརྒལ་ཡོད། དེ་ན་རྒྱ་གར་ནག་གཉིས་ཀྱི་འཇམ་པའི་སྟོབས་ཤུགས་འགྲན་རྩོད་ཁྲོད། རང་གི་མངའ་ཞབས་ན་ནང་པའི་ཝེ་ཊི་ཀན་ཞིག་ཡོད་ཚེ། དེ་ལ་ནང་པ་ཚོ་ཁ་ལོ་བསྒྱུར་རྒྱུ་ཙམ་ལས་བརྒལ་བའི་ཤུགས་རྐྱེན་ལྡན་ཡོད།

ཡང་ཏཱ་ལའི་བླ་མས་ཝེ་ཊི་ཀན་དང་འབྲེལ་ནས་ནང་པའི་འཇམ་པོའི་སྟོབས་ཤུགས་བཤད་ན། རྒྱ་གར་ནི་ནང་པའི་མགོ་ཁུངས་ཡིན་ཙང་། སྤྱིའི་ཆ་ནས་སྨྲ་སྤོབས(ultimate authority )ཆེ་བ་ཡོད་པ་བཤད་མ་དགོས་མོད། རྒྱ་ནག་ཡང་ནང་པ་དང་། སྒོས་སུ་བོད་བརྒྱུད་ནང་བསྟན་གྱི་འདུལ་ཞིང་ཆེ་ཤོས་ལ་སོང་། ཞི་ཅིན་ཕེན་གྱི་ཀྲུང་ཧྥ་བསྐྱར་དར་( 中华复兴)ལ་ནང་པའི་ཕྱི་ཐིམ་མ་གཡོག་རང་གཡོག་ཡིན་ན། ཁོ་ཚོས་རྒྱལ་ཁབ་ཀྱི་བདག་དབང་ལ་ཁ་གཡར་ཏེ། ཏཱ་ལའི་རྣམ་ཤེས་རྒྱ་འོག་ལ་བཙན་ཁྲིད་བྱ་འཆར་གྱི་གྲབས་གཤོམ་པ་ནི། ཕྱི་ལོག་ན་བོད་ཀྱི་འཐབ་རྩོད་ལ་གསོན་ཤུགས་ལྷག་མ་ཞིག་ཡོད་པ་འདི་རྩ་མེད་གཏོང་རྒྱུ་ཁོ་ནར་དམིགས་པ་མ་ཡིན་པར། ཏཱ་ལའི་ཡང་སྲིད་ལ་བརྟེན་ནས་རྒྱ་ནག་ལ་ནང་པའི་འཇམ་པའི་སྟོབས་ཤུགས་སྤེལ་རྒྱུའི་དམིགས་ཚད་རིང་པོ་ཞིག་ཡོད་ཀྱང་ཆོག

དེ་བས་ཀྱང་གླེང་རིན་ཡོད་པ་ཞིག་ནི། ལོ་འགའ་ཤས་གོང་ནས་བཟུང་རྒྱ་གཞུང་གིས་ཏཱ་ལའི་བླ་མ་(ཞི་འགུག)བྱ་རྒྱུའི་ཆ་རྐྱེན་ཁུངས་སུ། གལ་སྲིད་ཁོང་གིས་ཕྱི་ལོག་ནས་ཁ་བྲལ་ལས་འགུལ་སྤེལ་ནས་མ་བཞུགས་པར། སྐུ་ཚེ་ལྷག་འཕྲོར་ཏང་དང་རྒྱལ་ཁབ་ཀྱི་ཁ་ལ་ཉན་ཏེ་(མེས་རྒྱལ)བསྐྱར་དར་ལ་ལེགས་སྐྱེས་འབུལ་ཐུབ་ན། བོད་ཀྱི་ཕོ་བྲང་པོ་ཏཱ་ལ། རྒྱ་ནག་གི་རི་བོ་རྩེ་ལྔ། པེ་ཅིན་ན་ཡོད་པའི་འདུ་ཁང་དམར་པོ་སོགས། སྐུ་སྒེར་ཡིག་ཚང་ངམ་(དགའ་ལྡན་ཕོ་བྲང་) ལ་མཆོད་རྒྱུན་དུ་སྦྱར་ཆོག་སྐོར་ནང་ཚགས་ཡིན་མདོག་གིས་ཚུར་བཤད་ཡོད་པའི་བཟོ་འདུག་ལ། ངས་རིག་འདེད་བྱས་ན་རྒྱ་མིས་འདོད་རྔམ་སློང་སྟངས་དེས། བོད་ཀྱི་ཝེ་ཊི་ཀན་གྱི་སྤུག་ན་བཞུགས་པའི་(ཆོས་དར་ན་བོད་མི་དགོས་)གསུངས་མཁན་ཚོ་འགྲམ་ཆུ་ལྡང་རྒྱུ་ངེས་གཏན་རེད། རིམ་པ་འདི་ནས་བཤད་ན། རྒྱ་གར་ནག་གཉིས་ཀྱི་འཇམ་པའི་སྟོབས་ཤུགས་འཕྲོག་རྩོད་ཁྲོད། (ནང་པའི་དགེ་སློང་དཀྱིས་མ) བོད་ཀྱི་ཏཱ་ལའི་བླ་མ་འདི་བ་ཨ་ཅང་ཅང་།  གང་གི་ཡང་སྲིད་རིན་པོ་ཆེ་ལའང་ཡུལ་དུས་ལས་བརྒལ་བའི་ནུས་པ་ཁྱད་པར་བ་ཞིག་ཡོད་པ་བཤད་ག་ལ་དགོས།

རེད་དེ། བོད་ཀྱི་སྲིད་དོན་རྐྱང་བ་ནས་བཤད་ན། གང་གི་ཐུགས་སྨོན་ལྟར་”སྙན་གྲགས་ཆེ་བའི་ཏཱ་ལའི་བླ་མ་འདི་ཚང་ཏཱ་ལའི་མཐའ་མ་”དེ་ཡིན་ཐུབ་ན་ཅི་མ་རུང་།   མ་གཏོགས་མ་འོངས་པར་རྒྱ་དམར་གཞུང་གིས་(པེ་ཅིན་པཎ་ཆེན་)ལ་གཅུང་བོ་ཏཱ་ལའི་ཟེར་བའི་ཕྲུ་གུ་རྒྱ་མ་བོད་ཅིག་ཁྲིད་ཕྱིན་ཚེ། བཙན་འཛུལ་གྱི་ཐོན་དངོས་ནི་བོད་ཀྱི་དད་རྟེན་ལ་མི་རུང་ཁར། མི་རིགས་གཉིས་བར་གྱི་འགལ་བའི་མེ་དཔུང་སྒང་སྣུམ་བླུགས་པ་ལས་མ་མཆིས། ཡང་རྒྱ་གར་གཞུང་གི་གཞོགས་འདེགས་འོག རྒྱལ་དབང་དྲུག་པའི་ཕྱག་ཡུལ་མོན་རྟ་དབང་ནས་ངོ་མཚར་གྱི་ལྟས་དང་བཅས་ཡང་སྲིད་འཁྲུལ་བྲལ་ཞིག་བྱོན་པར་ཆ་བཞག   ས་བབ་མི་གཤིས་གང་ཐད་ནས་མོན་ཕྲུག་(ཁ་སེར) ཞིག་གིས་ཞལ་བོད་ལ་ཕྱོགས་ནས་ཆབ་སྲིད་ཀྱི་མཛད་པ་སྐྱོང་རྒྱུར་དེ་ཙམ་ཡིད་ཆེས་དཀའ། ད་དུང་ཁོང་གིས་སྐུ་གོང་མའི་འོས་འགན་ལྟར་༼འགྲོ་བ་མིའི་བདེ་སྡུག་དང་པོར་བཞག ཆོས་ལུགས་ལས་དོན་གཉིས་པ་བྱས། བོད་དོན་ཨང་གསུམ་པར་འཇོག་༽ པའི་སྲོལ་ལྟར། ཚིག་རྐང་མཐའ་མར་བཟོ་བཅོས་ཅུང་བརྒྱབས་ནས། ངོས་རང་རྒྱ་གར་གྱི་མི་སེར་ཡིན་པའི་ཆ་ནས་(རྒྱ་གར་མི་མང་) གི་བདེ་སྡུག་ཨང་གསུམ་པར་བཞག་ནས་མཛད་པ་སྐྱོང་གི་ཡིན་གསུངས་ན། དེ་དུས་བོད་པ་ཚོ་མ་དགའ་རུང་སྡུག་གྱོང་རེད། གཞན་ཡང་། དགེ་ལུགས་ཚང་གི་ནང་ཁུལ་འཐེན་འཁྱེར་ལ་བལྟས་ན་ཡང་སྤྲུལ་གཉིས་གསུམ་ཞིག་གི་རྒྱུ་ཚོགས་བསྐྲུན་ཡོད་ལ། ཉི་མ་དེར་ཡང་སྲིད་ཀྱི་རྐྱེན་པས་སྤྱི་ཚོགས་ཆུང་ཆུང་འདི་ཁ་ཆགས་སྒང་ལ་སྣ་རལ་མི་བཟོ་པའི་ངེས་པ་མེད། སོང་ཙང་གོང་ས་མཆོག་གིས་གང་ཉིད་ཏཱ་ལའི་བླ་མ་མཐའ་མ་དེ་ཡིན་ཆོག་ན་སྙན་པའི་ཐུགས་རེ་འཆང་བ་གསལ་བོ་རེད།

ཆབ་སྲིད་རྐྱང་བ་སྒྲ་དོག་འཇུག་གི་དབང་དུ་བྱས་ན། ང་ཚོས་ཉེན་ཁ་ཞིག་མཐོང་བ་ནི། གོང་ས་ཏཱ་ལའི་བླ་མ་འདི་ཚང་ཅི་ཙམ་ཆེན་པོ་ཆགས་པ་དེ་ཙམ་གྱིས། གང་གི་དགོངས་གཞི་(ལམ་དབུ་མ) ངང་ངམ་ཤུགས་ཀྱིས་ས་བསྒྲགས་གནམ་བསྒྲགས་ལ་འགྲོ་གི་ཡོད་ཙང་། གནད་དོན་དེར་བརྟེན་ནས་བོད་རང་བཙན་ཁྲིམས་ཐོག་ལ་དག་འབུད་བྱ་རྒྱུར་མཐུན་རྐྱེན་ལས་འགོག་རྐྱེན་ཆགས་བཞིན་པ་འདི་ཡིན། གཞན་རྒྱ་གར་ནག་གཉིས་ཀྱིས་ནང་བསྟན་ཤེས་རིག་གི་གཟི་བྱིན་དང་། བླ་མའི་ཡང་སྲིད་ཀྱི་ཆོ་འཕྲུལ། ནང་པའི་ཝེ་ཊི་ཀན་གྱི་དབང་ཤུགས་ལ་བརྟེན་ནས། རྒྱལ་ཁོངས་སོ་སོའི་འཇམ་པའི་སྟོབས་ཤུགས་འགྲན་རྩོད་གནང་གི་ཡིན་ཟེར་ན། ང་ཚོ་མོན་ཆང་ཞིམ་པོ་རེ་བཏུང་ཞོར་ཟུར་དཔང་པ་ཞིག་གི་ངོ་བོ་ནས་དཔྱད་འདེམས་བྱས་ཆོག མ་གཏོགས་ང་ཚོ་འཐབ་རྩོད་དེས་ཁྲོད་ལ་དངོས་སུ་ཞུགས་རྒྱུ་མིན། གང་ཡིན་ཟེར་ན་བོད་མི་རིགས་འདི་བླ་མའི་ཆབ་སྲིད་ཀྱི་ཆོས་སྲིད་ཟུང་འབྲེལ་འོག་འདུག་ཡུན་རིང་དྲགས་སོང་། ད་ནི་ང་ཚོ་བོད་པ་རང་གི་སུང་ཀྲོང་ཧྲན་དང་། གྷན་དྷི། ནན་ཟིན་མན་ཏི་ལ་སོགས་གསར་བརྗེ་བ་རྣལ་མ་རེ་འཚོལ་བར་འགྲོ་རན་ཡོད།

མཐའ་དོན།  གོང་ས་ཏཱ་ལའི་བླ་མས་བོད་མི་རིགས་ཡར་ལ་ལངས་དགོས་ན། ང་མེད་པ་ནང་བཞིན་བསམ་བློ་ཐོངས་ཞེས་ཡང་ཡང་གདམས་མྱོང་། ང་ཚོར་བླ་མས་དབུ་ཁྲིད་མེད་ན་རྒྱ་ཤོར་དམངས་སྡུག་གི་ཁ་མཚམས་འདིར་འགྱེལ་ས་ནས་ལངས་མི་ཐུབ་ཟེར་མཁན་དང་། ཁ་མེད་མུག་ལ་གོམས་པའི་མི་སྐོར་ཞིག་གིས་ཏཱ་ལའི་བླ་མ་མེད་ན་བོད་དོན་ངང་གིས་རྫོགས་འགྲོ་བ་རེད་ཟེར་མཁན་ཡང་ཡོད་ལ། གང་ལྟར་དུས་རབས་འདིའི་བོད་དང་བོད་མིའི་སྣང་ངོར་ཏཱ་ལའི་བླ་མ་ཡལ་བ་མེད་པར་གནས་ཡོད་པ་དེར་རྩོད་གཞི་མེད་ཙང་། ང་ཚོས་ཀྱང་་ཨོ་ལོ་མ་ངུ་གཉིད་ལ་སྡོད། གྱ་སྟོན་རྗེས་ན་གོ་སྟོན་ཡོད་ཅེས་སྨོན་པའི་རེ་ཁ་རླུང་ལ་སྐུར་ཞོར། མ་འོངས་ལས་དོན་བྱ་ཕྱོགས་ཐད་སྔ་ས་ནས་ཏཱ་ལའི་བླ་མ་མེད་པ་ནང་བཞིན་བསམ་བློ་གཏོང་མཁན་མི་སྐོར་ལོག་རེ་འགའ་ཡོད་པའི་དབང་དུ་བྱས་ན། ང་རང་ཡང་དེ་ཚོའི་ནང་གི་གཅིག་ཡིན།།

༢༠༡༥/༦/༢༨ལ་རྡ་ས་ནས་བྲིས།

རྩོམ་པ་པོའི་ཟུར་མཆན: [རྒྱ་གར་མཁས་པའི་གླེང་སྟེགས་ <<Tehelka>> Where Will The Dalai Lama Reincarnate? ཞེས་པའི་དུས་དེབ་ངོས་ནས། གྱ་སྟོན་སྐོར་ལ་ཆེད་རྩོམ་ཞིག་འབྲི་རྒྱུར་སྐུལ་མ་གནང་བ་ལྟར། ཉིན་ཤས་རིང་རྩོམ་ཡིག་འདི་བམ་འབྲི་བྱས་པ་དང་། སྐུ་ཞབས་ཉིད་བྱེད་ལགས་ཀྱིས་བསྒྱུར་ནས་གོང་གསལ་དུས་དེབ་དང་དྲ་གནས་ཐོག་བཏོན། འོན་ཀྱང་། ཤོངས་ཚད་དབང་གིས་རྒྱས་བསྡུས་འཚམས་པ་ཞིག་དགོས་ཁར། ཕྱི་མི་ཀློག་པ་པོ་དག་ལ་ནང་གནས་མང་པོ་བཤད་ན་དང་པོ་ནས་ཉོབ་འགྲོ་བར་བསྟེན། དབྱིན་འགྱུར་དེ་མ་རྩོམ་འདི་བཞིན་ཞིབ་པ་དང་རྒྱས་བ་བྱུང་མེད་ལ།  དབྱིན་རྩོམ་སྤེལ་མཚམས་བོད་ཡིག་ཐོག་འདོན་རྒྱུར་དོ་སྣང་ཅན་འགས་རེ་སྐུལ་བྱུང་བས། དབྱིན་རྩོམ་ནང་གི་བོད་ལ་རྒྱས་བཤད་མ་དགོས་པའི་གནད་དོན་ཁག་ཅིག་ཉུང་འཕྲི་བྱས་ཐོག བོད་པའི་ཁམས་དང་མོས་པར་བརྟེན་ནས་བྲོ་སྨན་དང་སྐེག་ཚོས་ཅུང་བྱུགས་ཏེ་བསྐྱར་བསྒྲིག་བྱས་ཡོད]

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།