༧གོང་ས་མཆོག་གི་དགོངས་གཞི་བཞིན་སྨན་རྩིས་ཁང་ནས་རྒྱ་ཡིག་སྡེ་ཚན་གསར་འཛུགས།
དྷ་སར་རྟེན་གཞི་བྱས་པའི་བོད་གཞུང་སྨན་རྩིས་ཁང་གིས་རྒྱ་ཡིག་སྡེ་ཚན་ཞིག་གསར་འཛུགས་བྱས་ཏེ། བོད་ཀྱི་སྨན་གྱི་རིག་གཞུང་ཁག་རྒྱ་ནག་ལ་ངོ་སྤྲོད་དང་།
དྷ་སར་རྟེན་གཞི་བྱས་པའི་བོད་གཞུང་སྨན་རྩིས་ཁང་གིས་རྒྱ་ཡིག་སྡེ་ཚན་ཞིག་གསར་འཛུགས་བྱས་ཏེ། བོད་ཀྱི་སྨན་གྱི་རིག་གཞུང་ཁག་རྒྱ་ནག་ལ་ངོ་སྤྲོད་དང་། ཕན་ཚུན་རིག་གཞུང་བརྗེ་ལེན་བྱེད་ཐབས་བྱེད་རྒྱུ་ཡིན་པ་རེད།
དེ་ཡང་ཕྱི་ཟླ་༧ ཚེས་༡༤ ཉིན་གྱི་ཕྱི་དྲོ་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། རྒྱ་ཡིག་སྡེ་ཚན་གསར་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་པ་དང་། སྡེ་ཚན་དེའི་ལས་ཁུངས་རྒྱ་གར་ཧི་མ་ཅལ་མངའ་སྡེ། ཅོ་ཏ་རཱར་བཙུགས་ཡོད་འདུག
སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྐབས། རྒྱ་ཡིག་སྡེ་ཚན་དེ་འཛུགས་དགོས་དོན། ༧གོང་ས་མཆོག་གིས་ལོ་ཁ་ཤས་སྔོན་ནས་རྒྱ་མིའི་སྨན་གྱི་ཐོག་ནས་དཔྱད་བསྡུར་བྱེད་རྒྱུ་དང་། ཐོག་མར་ཐེ་ཝན་དུ་སྐོར་བསྐྱོད་དང་རིམ་པས། རྒྱ་ནག་སྐམ་ས་ཆེན་མོར་ཡང་འགྲོ་རྒྱུའི་གོ་སྐབས་ཡོང་གི་རེད་ཅེས་བཀའ་སློབ་གནང་ཡོད་པ་དེ་གཞི་ལ་བཞག་ནས་གསར་འཛུགས་བྱས་པ་ཞིག་ཡིན་འདུག
ནག་རྩིས་ཀྱི་སྐོར་དེ་རྒྱ་ཡིག་ནང་གྲ་རྒྱས་པོ་ཡོད་པས་མཚོན། རྒྱ་ནག་གི་སྨན་དང་རྩིས་ཀྱི་རིག་གཞུང་སོགས་བོད་ཡིག་ནང་ཚུར་སྒྱུར་ཐབས་དང་། སྨན་རྩིས་ཁང་གི་སྨན་གྱི་ཁྱད་ཆོས་སོགས་རྒྱ་ཡིག་ཏུ་སྒྱུར་ཐབས་བྱེད་རྒྱུ་སོགས་ཕན་ཚུན་རིག་གཞུང་བརྗེ་ལེན་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ་རེད།
མཛད་སྒོ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ། བསོད་ནམས་ཆོས་འཕེལ་གྱིས་གསུང་བཤད་གནང་སྐབས། བོད་ཀྱི་རིག་གཞུང་བརྗེ་ལེན་དེ་སྤུས་དག་པོ་ཡོང་ཐབས་བྱེད་དགོས་སྐོར་དང་། བོད་སྨན་གྱི་རིགས་དེ་རྒྱ་ཡིག་ནང་ཕབ་བསྒྱུར་བྱས་པ་དེ་རྒྱ་མི་རིགས་ལ་ཕན་ཐོགས་ཡོད་པ་ལས། བོད་པར་དམིགས་བསལ་ཕན་ཐོགས་ཆེན་པོ་ཞིག་ཡོང་རྒྱུ་མིན་སྐོར་དང་། ད་ལྟ་བོད་མིའི་ཆབ་སྲིད་ཀྱི་སྲིད་ཇུས་དེ་རྒྱ་ནག་མཉམ་དུ་འབྲེལ་བ་བྱེད་རྒྱུ་དེ་ཡིན་པས། རིག་གཞུང་གི་ཐོག་ནས་རྒྱ་རིགས་ལ་འབྲེལ་བ་བྱེད་རྒྱུ་ཡང་གལ་ཆེན་ཡིན་སྐོར་གསུངས་སོང་།།