༢༠༡༤ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ལ་འགྲན་རྩོད་མ་བྱུང་བ།
ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་དགོང་མོ་དྷ་ས་བོད་གཞུང་ཟློས་གར་ཐང་སྟེང་དུ་ཕྱི་ལོ་༢༠༡༤ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་བསྟན་འཛིན་དབྱངས་འཛོམས་ལ་གཡོགས་པ་དང་། ཁོང་གིས་བྱ་དགའ་ཧིན་སྒོར་འབུམ་གཅིེག་དེ་ཞལ་འདེབས་ལ་སྤྲད་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་དགོང་མོ་དྷ་ས་བོད་གཞུང་ཟློས་གར་ཐང་སྟེང་དུ་ཕྱི་ལོ་༢༠༡༤ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་བསྟན་འཛིན་དབྱངས་འཛོམས་ལ་གཡོགས་པ་དང་། ཁོང་གིས་བྱ་དགའ་ཧིན་སྒོར་འབུམ་གཅིེག་དེ་ཞལ་འདེབས་ལ་སྤྲད་ཡོད་པ་རེད།
དེ་ཡང་འདི་ལོར་མཛངས་མའི་འགྲན་སྡུར་ནང་ཞུགས་མཁན་བུད་མེད་བསྟན་འཛིན་དབྱངས་འཛོམས་ལས་མ་བྱུང་བར་བརྟེན། ཕྱི་ཟླ་༦ ཚེས་༨ ཉིན་གྱི་དགོང་མོ་དྷ་ས་བོད་གཞུང་ཟློས་གར་ཐང་སྟེང་དུ་མཛད་སྒོ་སྟབས་བདེ་ཞིག་འཚོགས་པ་དང་། བོད་པ་དང་རྒྱ་གར་གཞས་པ་གཞས་མ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་བྱས་པ་བརྒྱུད། བསྟན་འཛིན་དབྱངས་འཛོམས་ལ་༢༠༡༤ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་གཡོགས་ཡོད་པ་རེད།
༢༠༡༤ ལོའི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ཀྱིས་གསུང་དོན། “ཐོག་མར་ང་མཛངས་མའི་འགྲན་སྡུར་ནང་ཞུགས་སྐབས། བུད་མེད་མང་པོ་ཡོད་པའི་རེ་བ་བྱས་ཀྱང་། ང་རང་གཅིག་པུ་ལས་མེད་པར་བློ་ཕམ་བྱུང་སོང་། ཡིན་ནའང་། བོད་ཀྱི་མཛངས་མ་འགྲན་སྡུར་གྱི་ལས་གཞི་དང་། སྡིངས་ཆ་དེ་གལ་ཆེན་དང་གོ་སྐབས་བཟང་པོ་ཞིག་ལ་བརྩི་ཡི་ཡོད་པས། ཕྱིར་འཐེན་མ་བྱས་པར་བོད་ཀྱི་མཛངས་མའི་མཚན་ཐོག་ནས་སྤྱི་ལ་ཕན་ པའི་ལས་ཀ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།
བསྟན་འཛིན་དབྱངས་འཛོམས་སྐྱེས་ཡུལ་སྒང་ཏོག་ཡིན་ཞིང་། ད་ལྟ་རང་ལོ་༢༣ ཡིན་པ་རེད་འདུག གཞི་རིམ་སློབ་གྲྭ་ཐོན་རྗེས་སེམས་ཁམས་རིག་པ་དང་། སྤྱི་ཚོགས་རིག་པའི་སྒང་ལ་གཙུག་ལག་རབ་འབྱམས་པ་ཐོན་མཚམས། Bangalore མཐོ་སློབ་ཅིག་ནས་དགེ་རྒན་འོས་སྦྱོང་ཐོན་ཡོད་པ་རེད་འདུག
མཛངས་མ་བསྟན་འཛིན་དབྱངས་འཛོམས་ཀྱིས་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་ཡོད་པ་ལས་ཁྲི་གཉིས་དྷ་ས་རྒས་གསོ་ཁང་ལ་ཞལ་འདེབས་སུ་འབུལ་རྒྱུ་དང་། ཉིས་ཁྲི་ལྔ་སྟོང་དྷ་ས་ཉིན་མོའི་སློབ་གྲྭ་དང་། ཡོངས་གླིང་སློབ་གྲྭ་གཉིས་ལ་འབུལ་རྒྱུ། འཕྲོས་ལྷག་མ་ཁྲི་གསུམ་དེ་བོད་ཀྱི་མཛངས་མ་མགྲན་སྡུར་གྱི་ལས་གཞིའི་ཆེད་འབུལ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་སོང་།
༢༠༡༡ ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ནང་རྒྱལ་ཁ་མ་ཐོབ་པར་ཨང་རིམ་གཉིས་པ་ཆགས་པའི་བུད་མེད་དངོས་གྲུབ་སྒྲོལ་མས། བརྒྱུད་ལམ་འདྲ་མིན་དུ་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་དྲང་པོ་མ་བྱས་པའི་སྐོར་གྱི་སྐྱོན་བརྗོད་བྱས་པར་བརྟེན། བློ་བཟང་དབང་རྒྱལ་གྱིས། ཕྱི་ལོ་༢༠༡༡ ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་སྐབས་ཨང་རིམ་གཉིས་པ་ཐོབ་པའི་བུ་མོ་དངོས་གྲུབ་སྒྲོལ་མས་བྱེད་བབས་ལ་བརྟེན་ནས། མཛངས་མའི་འགྲན་སྡུར་གྱི་ཨང་གཉིས་པའི་མཚན་མཐོང་དེ་རྩིས་མེད་གཏོང་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད།
དགོང་མོ་དེར་༢༠༡༡ ལོའི་བོད་ཀྱི་མཛངས་མའི་བསྟན་འཛིན་དབྱངས་སྐྱིད་ཀྱིས་༢༠༡༤ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ལ་དབུ་རྒྱུན་གཡོགས་པ་དང་། ཁོང་གིས། བོད་ཀྱི་མཛངས་མའི་མིང་ཐོག་ནས་ལྷོ་ཀོ་རི་ཡར་རྒྱལ་སྤྱིའི་མཛངས་མ་འགྲན་སྡུར་ལ་ཞུགས་སྐོར་དང་། སྐབས་དེར་བོད་ཀྱི་མཛངས་མའི་མིང་ཐོག་ནས་འགྲན་སྡུར་དེའི་ནང་ཞུགས་རྒྱུར་རྒྱ་ནག་གིས་གནོན་ཤུགས་འདྲ་མིན་སྤྲད་ནའང་། འཛམ་གླིང་རྒྱལ་ཁབ་ཁག་གི་མཛངས་མ་༧༠ ལྷག་མཉམས་ཞུགས་བྱས་པའི་ཁྲོད། བོད་ཀྱི་རྒྱལ་དར་འཕྱར་ཏེ་རང་གི་རྒྱལ་ཁབ་བོད་དེ་ངོ་སྤྲོད་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
ད་ལོ་གཅིག་པུ་མ་ཡིན་པར་ཕྱི་ལོ་༢༠༠༣ དང་། དེ་ནས་ཕྱི་ལོ་༢༠༠༥། ཕྱི་ལོ་༢༠༡༣བཅས་ཀྱི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྐབས་སུ་ཡང་འཛུལ་ཞུགས་བྱེད་མཁན་བུ་མོ་གཅིག་རེ་མ་གཏོགས་བྱུང་མེད་པ་རེད།