དགེ་འདུན་པས་ཚན་རིག་སྦྱོང་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་རེད།

ཟླ་འདིའི་ཚེས་༢༦ ཉིན་གྱི་ཕྱི་དྲོ་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་། བོད་ཀྱི་ཚན་རིག་ལས་རིམ་ཟུང་འབྲེལ་གྱི་འཆར་འགོད་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱིའི་འདུ་ཁང་གསར་པའི་ནང་དགེ་འདུན་པར་ཚན་རིག་ཟབ་སྦྱོང་གི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༢༦ ཉིན་གྱི་ཕྱི་དྲོ་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་། བོད་ཀྱི་ཚན་རིག་ལས་རིམ་ཟུང་འབྲེལ་གྱི་འཆར་འགོད་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱིའི་འདུ་ཁང་གསར་པའི་ནང་དགེ་འདུན་པར་ཚན་རིག་ཟབ་སྦྱོང་གི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

མཛད་སྒོའི་ཐོག་འབྲས་སྤུངས་མཁན་ཁྲི་རིན་པོ་ཆེ་དང་། སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། མོན་གྷོ་ས་གནས་འགོ་འཛིན། ལྟ་གྲུབ་དགེ་རྒན་ཆེན་མོ་མར་ཁི་བཅས་ཀྱི་གཙོས་གྲྭ་ཚང་གཉིས་ཀྱི་དབུ་ཆོས་རྣམ་པ་དང་ཚན་རིག་སློབ་མ་ བཅས་མཉམ་ཞུགས་གནང་ཡོད་པ་རེད།

photo 3བློ་གླིང་ཚན་རིག་སྡེ་ཚན་གྱི་འགན་འཛིན་འཛིན་དགེ་ལེགས་རྒྱ་མཚོས་ཐེངས་འདིའི་ཚན་རིག་ཟབ་སྦྱོང་གི་ལས་རིམ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་དང་། ལྟ་གྲུབ་དགེ་རྒན་ཆེན་མོ་སྐུ་ཞབས་མར་ཁིས་གསུང་བཤད་གནང་སྐབས། ཚན་རིག་གི་ལས་རིམ་འདིའི་སྔ་ཕྱི་བར་གསུམ་དུ་དཀའ་ངལ་ལ་གདོང་ལེན་གང་འདྲ་བྱས་ཡོད་པ་དང་། རྗེས་སུ་ལས་དོན་འདི་ཧ་ཅང་གལ་ཆེན་ཡིན་པ་ཤེས་རྟོགས་བྱུང་སྟངས་སྐོར། ཚན་རིག་དང་ནུབ་ཕྱོགས་ཀྱི་ལྟ་གྲུབ་བར་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་སྟངས། ལྷག་པར་དུ་ནང་པའི་ལྟ་གྲུབ་ཀྱི་ཐོག་ནས་ཚན་རིག་ལ་ལྟ་སྟངས་གསར་པ་ཞིག་ཆགས་ཡོད་རེད་ཅེས་སོགས་གསུངས་སོང་།

ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས། སྤྱིར་བཏང་ཚན་རིག་བེད་སྤྱོད་གཏོང་ཕྱོགས་ཀྱིས་འཛམ་གླིང་འདིའི་ཐོག་ཕན་གནོད་ཇི་ལྟར་ཐེབས་ཀྱི་ཡོད་པ་དང་། ཚན་རིག་གི་བྱེད་ལས་དང་དེའི་ཟབ་ཚད་དམིགས་གསལ་དགེ་འདུན་པ་ཞིག་གིས་ཚན་རིག་སྦྱོང་དགོས་པའི་དམིགས་ཡུལ་ནང་པའི་སྡེ་སྣོད་གསུམ་གྱི་དགོངས་པ་དེ་ཚན་རིག་ནང་ཕར་བེད་སྤྱོད་བཏང་ནས་འཛམ་གླིང་གི་འགྲོ་བ་མི་ལ་ཕན་བདེ་སྒྲུབ་དགོས་པ་དང་། ལྷག་པར་ཚན་རིག་གི་སློབ་སྦྱོང་དེ་༧གོང་ས་མཆོག་གི་དགོངས་གཞིའི་སྙིང་པོ་ཞིག་ཡིན་པ་ཤེས་པའི་ཐོག་ནས་ཚན་རིག་སློབ་སྦྱོང་གནང་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
འབྲས་སྤུངས་ཁྲི་པ་རིན་པོ་ཆེ་བློ་བཟང་བསྟན་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ༧གོང་ས་མཆོག་གིས་ཚན་རིག་དེ་གལ་ཆེན་པོ་ཇི་ལྟར་གཟིགས་ཡོད་པ་དེའི་ཐོག་ཐུགས་ཁུར་དང་རྒྱུན་རིང་ཕྱག་ལས་ཇི་ལྟར་གནང་ཡོད་པའི་སྐོར་དང་། ལྷག་དོན་དུ་༧གོང་ས་མཆོག་གི་དགོངས་པར་བོད་བརྒྱུད་ནང་བསྟན་དེ་ཚན་རིག་དང་དཔུང་པ་མཉམ་དུ་གཤིབ་ནས་འགྲོ་ཐུབ་ན་ཕན་ཐོགས་ཇི་ཡོད་མེད་དང་། དེ་ལ་བརྟེན་ནས་ནང་ཆོས་ཀྱི་དགེ་མཚན་ཕྱི་ལོགས་སམ་འཛམ་གླིང་ཐོག་ལ་མངོན་ཐུབ་པ། དེ་ལས་ནང་ཆོས་མི་ཉམས་དར་སྤེལ་འགྲོ་བ་ཚན་རིག་སློབ་སྦྱོང་གནང་མཁན་རྣམ་པས་ཇི་ལྟར་སློབ་སྦྱོང་བྱེད་དགོས་མིན་སོགས་ཀྱི་སྐོར་གསུངས་སོང་།

གཞན་ཡང་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ནས་དགེ་བཤེས་བློ་བཟང་བསྟན་འཛིན་གྱིས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། ཚན་རིག་སློབ་སྦྱོང་གནང་བ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང་། དེ་ཡང་དགོན་སྡེ་གྲྭ་ཚང་ཁག་གི་རྩ་བའི་སློབ་ཚན་ནང་ཡོད་དགོས་པ་དེ་ཡང་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཡིན་སྐོར་དང་། ཚན་རིག་པ་དང་མཉམ་འབྲེལ་གྱིས་མ་འོངས་པར་ནང་སེམས་ཀྱི་གནས་སྟངས་ལ་གོ་རྟོགས་ཡར་རྒྱས་གཏོང་ཐུབ་པ། ཚན་རིག་སློབ་སྦྱོང་གནང་བ་དེས་ནང་སེམས་ཀྱི་མྱོང་བ་རྣམས་ལ་གོ་རྟོགས་ཡར་རྒྱས་ཀྱི་ཆ་རྐྱེན་ཞིག་ཏུ་ཆགས་ཐུབ་དགོས་ལ། དེ་ལས་འགྲོ་བ་ཡོངས་ལ་ཕན་བདེ་སྒྲུབ་ཐུབ་པ་དགོས་སྐོར་སོགས་གསུངས་སོང་།
དེ་བཞིན་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ནས་དགེ་བཤེས་ལྷག་རྡོར་གྱིས་གསུང་བཤད་སྐབས། སྲོལ་རྒྱུན་རིག་གཞུང་མི་ཉམས་ཐོག་དེང་དུས་ཤེས་ཡོན་སློབ་དགོས་པའི་སྐོར་ལ་༧གོང་ས་མཆོག་གི་ཕུགས་བསམ་བླ་མེད་བཞེས་ནས་དགེ་འདུན་པར་ཚན་རིག་སློབ་ཚན་བཙུགས་པ་ཞིག་ཡིན་པའི་སྐོར་དང་། དེའི་ཆེད་དུ་ཕྱོགས་མང་པོ་ནས་དཀའ་ལས་རྒྱག་བཞིན་པའི་གནས་སྟངས་སྤྱི་ཡོངས་དང་། ཕྱག་ལས་གང་གནང་བ་དེའི་དམིགས་ཡུལ་བོད་སྤྱི་པའི་གནས་སྟངས་ཡར་རྒྱས་འགྲོ་བ་ལས་སྒེར་གྱི་ཁེ་ཕན་མེད་པ་ཞིག་དང་དགེ་འདུན་པ་རྣམས་ཀྱིས་ནང་ཆོས་གཅིག་པུ་ཙམ་མ་ཡིན་པར། འཛམ་གླིང་སྤྱིས་ཡིད་སྨོན་བྱེད་ཡུལ་ཆོས་ཚན་ཟུང་འབྲེལ་གྱི་ཤེས་ཡོན་ལ་དོ་སྣང་དགོས་པ། དེ་ཡང་ལས་རིམ་འདི་ལྟར་འགོ་འཛུགས་བྱེད་པ་ལས་རྒྱུན་འཁྱོང་གནང་བར་ཧ་ཅང་དཀའ་ངལ་ཆེ་བས། ལས་གཞི་འདི་དང་འབྲེལ་ཡོད་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ཚན་རིག་ཟབ་སྦྱོང་དེ་ལོ་དྲུག་རིང་ལ་ལོ་རེར་ཟླ་བ་གཅིག་རེར་ཚན་རིག་སློབ་ཁྲིད་བྱེད་འཆར་ཡོད་པ་དང་། ལས་རིམ་དེའི་སྐོར་སྒོ་མང་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་རྔ་པ་ཤེས་རབ་ལ་བཅར་འདྲི་ཞུས་པར། ཟླ་འདིའི་ཚེས་༢༧ ནས་བཟུང་གདན་ས་སེ་འབྲས་དགའ་གསུམ་དུ་ཉིན་བརྒྱ་དུས་གཅིག་ཏུ་དེ་ལྟར་ཟབ་ཁྲིད་བྱེད་ཀྱི་ཡོད་པ་རེད། ཚན་རིག་སློབ་གཉེར་གནང་མཁན་གྲྭ་ཚང་ཁག་གི་མཐོ་རིམ་འཛིན་གྲྭ་ཡིན་པ་དང་། དཔེར་ན་འབྲས་སྤུངས་ལ་ཆ་མཚོན་ན་ཚན་རིག་སློབ་གཉེར་བ་སྒོ་མང་གྲྭ་ཚང་།  བློ་གསལ་གླིང་། ས་སྐྱ། ར་སྟོད་བཅས་གྲྭ་ཚང་ཁག་བཞི་ནས་དགེ་འདུན་པ་༡༢༢ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ཚན་རིག་སློབ་ཚན་མི་འདྲ་ཁག་བཞི་སླབ་ཀྱི་ཡོད་པ་རེད། ཚན་རིག་གི་ལྟ་གྲུབ་དང་། སྐྱེས་དངོས་རིག་པ། དབང་རྩ་ཚན་རིག དངོས་ཁམས་ཚན་རིག་བཅས་སློབ་ཚན་རེ་རེར་བདུན་ཕྲག་གཅིག་ནང་ལ་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད་ལ། སློབ་ཚན་རེར་དགེ་རྒན་གཉིས་རེ་ཡོད་པ་རེད། བདུན་ཕྲག་རེའི་རྗེས་སུ་རྒྱུག་སྤྲོད་རེ་གཏོང་གི་ཡོད་པ་་དང། ལས་གཞི་འདི་གདན་ས་གསུམ་ལ་དུས་གཅིག་ཏུ་འགྲོ་བཞིན་ཡོད་པ་རེད་ལ། དུས་ཡུན་དེ་ཡང་ལོ་དྲུག་གི་བར་དུ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།