སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ཞུ་ལ་རྒྱ་ནག་གཞུང་ཚབ་ཀྱིས་ལན་འདེབས་བྱས་མི་འདུག
ཟླ་འདིའི་ཚེས་༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༢༠༡༤ ཟླ་༦ ཚེས་༡༧ འཁོད་སྙན་ཞུ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་འགྲོ་བསྐྱོད་ཆོག་པའི་སྲིད་འཛིན་ཞི་ཅིང་ཕིང་ལ་སྙན་གསན་ཞུས་ཀྱང་། ལན་འདེབས་གང་ཡང་བྱུང་མེད་སྐོར་འཁོད་འདུག
ཟླ་འདིའི་ཚེས་༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༢༠༡༤ ཟླ་༦ ཚེས་༡༧ འཁོད་སྙན་ཞུ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་འགྲོ་བསྐྱོད་ཆོག་པའི་སྲིད་འཛིན་ཞི་ཅིང་ཕིང་ལ་སྙན་གསན་ཞུས་ཀྱང་། ལན་འདེབས་གང་ཡང་བྱུང་མེད་སྐོར་འཁོད་འདུག
དེ་ཡང་སྤྱི་ལྷན་གྱི་གསལ་བསྒྲགས་དེའི་ནང་འཁོད་དོན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་དབང་འཛིན་རིམ་པས་བོད་ཐོག་འཛིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་མ་བཏང་བར་མུ་མཐུད་གནས་མུས་ལ་བརྟེན། གཞིས་བཞུགས་བོད་མི་རྣམས་ཀྱིས་རང་དབང་རྩོད་ལེན་ཆེད་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་དང་། རྔམ་སྟོན་ཁྲོམ་སྐོར་སོགས་རྒྱུན་མ་ཆད་པ་གནང་དང་གནང་བཞིན་པར་བསམ་ཤེས་ཡེ་ནས་མེད་ཁར་དྲག་གནོན་གྱིས་འཛིན་བཟུང་བཙོན་འཇུག་དང་། སྡུག་སྦྱོང་མནར་གཅོད་སོགས་བཏང་དང་གཏོང་བཞིན་པ་དང་། དམིགས་བསལ་ཕྱི་ལོ་ ༢༠༠༨ ལོའི་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་ཁྱབ་པའི་ཞི་རྒོལ་ཆེན་མོ་དང་། ༢༠༠༩ ལོ་ནས་བཟུང་ ༢༠༡༤ ཟླ་ ༤ ཚེས་ ༡༥ བར་བོད་མི་ ༡༣༠ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་བཞིན་པ་རྣམས་ཀྱི་དགོས་འདུན་ལ་བདག་སྤྲོད་ཙམ་ཡང་མེད་པར་སྔར་བས་དམ་དྲག་ཆེ་རུ་བཏང་སྟེ། བོད་མི་རྣམས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་དྲོ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་སྐོར་སོགས་བསྒྲགས་དང་སྒྲོག་བཞིན་པ་རྣམས་ཀྱི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཆེད། རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་བོད་ནང་དུ་གཏོང་བཅུག་དགོས་སྐོར་རྒྱལ་སྤྱི་དང་རྒྱ་ནག་བཅས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་རིམ་པ་དང་། རང་ལུས་མེར་བསྲེགས་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཁག རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་མང་པོར་བོད་དོན་ཞུ་གཏུག་བྱས་པའི་བརྒྱུད་ལམ་བཅས་དངོས་ཤུགས་ཅི་རིགས་ཀྱི་ལམ་ནས་རེ་སྐུལ་རིམ་པ་ཞུས་ཀྱང་དོན་ཕན་མ་བྱུང་བར་བརྟེན། ༢༠༡༤ ཟླ་ ༣ ཚེས་ ༢༠ ཉིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསྟུན་པའི་མ་འོངས་ལས་འགུལ་སྤེལ་ཕྱོགས་སྐོར་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་སྐབས་ཀྱི་དགོངས་འཆར་གཞིར་བཟུང་༢༠༡༤ ཟླ་ ༤ ཚེས་ ༡༧ དང་། ༢༠༡༤ ཟླ་ ༦ ཚེས་ ༥ བཅས་སུ་སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་ཐག་གཅོད་ཀྱིས་༢༠༡༤ ཟླ་ ༦ ཚེས་ ༡༧ འཁོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྡི་ལིར་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་“རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་རྣམ་དཔྱོད་དང་བློ་སྤོབས་ཆེན་པོའི་ཐོག་ནས་བོད་རྒྱ་འབྲེལ་མོལ་གྱི་སྒོ་ཆེན་བསྐྱར་དུ་ཕྱེ་ནས།དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་ཀྱི་དཀའ་ངལ་གནད་དོན་གཙང་སེལ་ཐུབ་པ་བཟོ་རྒྱུའི་གོམ་པ་ཞིག་སྤོ་ཐུབ་པའི་རེ་བ་རྒྱག་གི་ཡོད་ལ། ལས་དོན་དེ་དག་འགྲུབ་ཆེད་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་འགྲོ་བསྐྱོད་ཆོག་པའི་སྲིད་འཛིན་ཞི་ཅིང་ཕིང་མཆོག་ལ་སྙན་གསན་ཞུ་བརྒྱུད་དང་འབྲེལ་འདི་གར་ལན་གསལ་ཞིག་ཀྱང་གནང་སྐྱོང་ཡོང་བ་”ཞེས་པའི་ཞུ་སྙན་ཕུལ་བ་༢༠༡༤ ཟླ་ ༦ ཚེས་ ༡༩ ཉིན་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་དུ་འཕྲོད་འབྱོར་བྱུང་ཡོད་ཀྱང་། ད་བར་ལན་གསལ་གང་ཡང་མ་བྱུང་བས་དེ་རིང་བརྒྱུད་ལམ་འདི་ནས་ཕྱིར་བསྒྲགས་དང་བཅས་ལྡི་ལིའི་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་བསྐྱར་སྐུལ་ནན་ཏན་ཞུ་རྒྱུ་དང་།རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་ཀྱང་གོང་ཞུས་ཀྱི་རེ་དོན་ཁག་འགྲུབ་ཆེད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་མཐུན་གྲོགས་གང་ལེགས་གནང་སྐྱོང་ཡོང་བ་ཞུ་རྒྱུ།