རྒྱ་ནག་གི་སྲིད་འཛིན་རང་གིས་འགན་ཁུར་ནས་བོད་དོན་ལ་ཞིབ་འཇུག་གནང་རོགས།
ཟླ་འདིའི་ཚེས་༡༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༨ པ་དེ་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་སོགས་གནང་རྒྱུ་ཡིན་པ་རེད།
ཟླ་འདིའི་ཚེས་༡༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༨ པ་དེ་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་སོགས་གནང་རྒྱུ་ཡིན་པ་རེད།
ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་སྐབས། རྒྱལ་སྤྱིའི་གནས་བབས་དང་འབྲེལ་ནས་བོད་དོན་སྐོར་གསུང་དོན། “ད་ལྟའི་དུས་ཚོད་འདིར་འཛམ་གླིང་ནང་ཆབ་སྲིད་དང་དཔལ་འབྱོར། རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་བ་སོགས་ཀྱི་ཐོག་ནས་དང་། སྟོབས་ཤུགས་ངོམ་རེས་ཀྱི་ཐོག་ནས་འཁྲུག་ཆ་དོད་པོ་ཞིག་ཆགས་ཡོད་པ་རེད། འཛམ་གླིང་ཁྱོན་ཡོངས་ལ་དམག་ཆེན་གཉིས་པ་དང་གྲང་དམག་གི་རྗེས་ལ་གནད་དོན་ཛ་དྲག་ཤོས་ད་ལྟ་ཆགས་ཡོད་པ་ལྟ་བུ་རེད། ལྷག་པར་དུ་བོད་པ་དང་འབྲེལ་བའི་གནས་ཚུལ་དེ་ཤར་ཡུ་རོབ་དང་། ཨ་རི་གཙོས་པས་བྱང་ཕྱོགས་ཀྱི་ཡུ་རོབ་རྒྱལ་ཁབ་དེ་ཚོའི་མནའ་འབྲེལ་ཡང་བར་ལམ་ནས་གཉིད་ཉར་བསྡད་པ་དེ་ཚོ་དེང་སྐབས་གཉིད་སད་ནས། ཨུ་རུ་སུའི་བྱེད་བབ་ལ་བསྟེན་ནས་ཛ་དྲག་པོ་ཆགས་ཡོད་པ་རེད། ལྷོ་ཤར་ཨེ་ཤི་ཡའི་དམག་འཁྲུག་གི་གནས༌སྟངས་ཀྱིས་མཚོན་ཨེ་ཤི་ཡའི་ནང་དུ་ཡང་རྒྱལ་ཁབ་ཕན་ཚུན་ནུས་སྟོབས་ངོམ་རྒྱུ་དང་། མནའ་འབྲེལ་སྒྲིག་རྒྱུའི་ལོ་རྒྱུས་གསར་པ་ཞིག་འབྱུང་མུས་རེད། དེ་ལྟ་བུའི་གནས་སྟངས་མང་པོ་ཞིག་གི་འོག་ནས་བོད་པའི་གནད་དོན་ལ་དོ་སྣང་སླེབས་མི་ཐུབ་པའི་རྒྱུ་གཅིག་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། འཛམ་གླིང་གི་འགོ་ཁྲིད་དང་གསར་འགྱུར་བརྒྱུད་ལམ་ཁག་བཅས་ནས་ཛ་དྲག་གི་གནས་སྟངས་ལ་དོ་སྣང་ཆེ་བ་དང་། བོད་ལྟ་བུའི་ཧ་ཅང་དཀའ་ངལ་ཤུགས་ཆེན་པོ་ཡོད་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས་འགྲོ་གི་ཡོད་པ་མ་ཟད། དེའི་ཐོག་ནས་དཀའ་ངལ་སེལ་ཐབས་བྱས་དང་བྱེད་མུས་ཀྱི་གནས་སྟངས་ལ་དོ་སྣང་ཆུང་བ་ལྟ་བུ་བྱེད་ཀྱི་ཡོད་པ་ནི་བློ་ཕམ་ཀྱི་རྒྱུ་ཆགས་ཀྱི་ཡོད་པ་རེད་”ཅེས་གསུངས་སོང།
ཁོང་གིས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་ཡོང་གི་ཡོད་སྐོར་དང་འབྲེལ་ནས་གསུང་དོན། “ང་ཚོ་གྲོས་ཚོགས་འཚོགས་བཞིན་པའི་སྐབས། ང་ཚོ་གནས་ཡུལ་གྱི་རྒྱལ་ཁབ་འདིའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འབྱོར་གྱི་ཡོད་པ་རེད། ཁོང་གིས་སྲིད་འཛིན་གྱི་འགན་ཁུར་ནས་རྒྱ་གར་ལ་ཡོང་བ་ཐེངས་དང་པོ་དེ་རེད། བོད་དོན་དང་འབྲེལ་བའི་དཀའ་རྙོག་གླེང་རྒྱུ་དང་། དེ་བཞིན་དོ་སྣང་ཡོང་ཆེད་འཛིན་སྐྱོང་བཀའ་ཤག་ངོས་ནས་ལས་འཆར་ཏན་ཏན་བང་བསྒྲིགས་ཡོད་ཀྱི་རེད་བསམ་གྱི་ཡོད། ཆབ་སྲིད་ཀྱི་འགན་དབང་ཡོད་པས་བསྒྲིགས་དགོས་པ་རེད། ལས་རིམ་བང་བསྒྲིགས་པ་ལྟར་ཕྱག་བསྟར་ཡང་ཡོང་གི་རེད་བསམ་གྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་ཐེངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ནང་སླེབས་སྐབས། སྤྱིར་རྒྱ་ནག་ནང་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད། བཟང་ངན་གཉིས་ཐོག་ནས་འགྲེལ་བཤད་རྒྱག་མཁན་ཡང་ཡོང་གི་ཡོད། དེ་ལྟར་གང་ཡིན་ལ་མ་ལྟོས་པར་ང་རང་ཚོ་བོད་པའི་ལས་འགན་གཙོ་བོ་ནི། ད་ལྟ་བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་དང་། མཐར་ཐུག་གི་བོད་དོན་བདེན་མཐའ་གསལ་རྒྱུ་གཙོ་བོ་ཆགས་ཀྱི་ཡོད། ང་ཚོའི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་རེ་བ་རྒྱག་མཁན་ཡང་མང་པོ་ཡོད་པ་རེད། ང་ཚོས་བཟང་ཕྱོགས་ཐོག་ནས་བོད་དོན་ཐོག་རེ་བ་རྒྱག་རྒྱུ་དང་། དེ་རིང་རྒྱ་གར་ནང་སླེབས་སྐབས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ང་ཚོས་ཞུ་དོན་གཙོ་བོ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཙོས་འགོ་ཁྲིད་རྣམ་པས་བོད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་གནང་དགོས་རྒྱུ་གལ་ཆེན་པོ་རེད་འདུག ལྷག་པར་སྲིད་འཛིན་རང་གིས་འགན་འཁུར་པའི་ཐོག་ནས་བོད་ནང་གི་གནས་སྟངས་ཞིབ་འཇུག་བྱ་རྒྱུ་དང་། མཐར་ཐུག་བོད་མིའི་དཀའ་ངལ་སེལ་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་གཉིས་ཕན་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པ་གཞིར་བཟུང་། རྒྱ་ནག་ཁྱོན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཚོར་བདག་པོ་བརྒྱབ་སྟེ། དེ་དག་གི་བདེ་སྡུག་ལ་བལྟ་དགོས་པ་མ་ཟད། དཀའ་ངལ་རྣམས་སེལ་དགོས། ལྷག་པར་བདག་སྐྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་གྲོས་ཚོགས་འདི་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ཞུ་འདོད་བྱུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་སྙན་ཞུ་ཕུལ་ཡོད། སྙན་ཞུའི་ནང་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་དེ་སྤྱི་ཚོགས་རིང་ལུགས་འོག་ནས་ལྷ་ཡུལ་ལྟ་བུ་གྱུར་ཡོད་ཅེས་ཤོད་བསྡད་པ་བཞིན་ཡོད་མེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གཅིག་བོད་ནང་ཡོང་བཅུག་རོགས་ཞེས་ཞུས་ཡོད། འོན་ཀྱང་ད་བར་བཟང་ངན་གྱི་བརྡ་ལན་གང་ཡང་བྱུང་མེད། ང་ཚོའི་ངོས་ནས་དོན་དངོས་སུ་བོད་པའི་དཀའ་རྙོག་སེལ་ཆེད་རྒྱལ་སྤྱིའི་མི་སྣ་བོད་ནང་ཡོང་ཆོག་གི་མེད་ནའང་། ང་ཚོ་བོད་པ་རང་གིས་བོད་ནང་གི་གནས་སྟངས་རྟོག་ཞིབ་ཆེད་འགྲོ་བཅུག་རོགས། ཞེས་ལྷག་བསམ་རྣམ་དག་ཐོག་ནས་ཞུས་ཡོད་ཀྱང་ད་བར་ཡ་ལན་གང་ཡང་བྱུང་མེད།”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། “རྒྱ་གར་གཞུང་ལ་ང་ཚོས་ཡིད་ཆེས་བརྟན་པོ་ཡོད། བློས་ཆ་ཚང་འགེལ་གྱི་ཡོད། རྒྱ་གར་གཞུང་གིས་ད་བར་བོད་མིའི་དཀའ་རྙོག་དང་འབྲེལ་བའི་རོགས་རམ་མཐུན་འགྱུར་ཆ་ཚང་གནང་ཡོད། མ་འོངས་པར་ཡང་དེ་ལས་ལྷག་པ་མེད་ནའང་ཞན་དུ་འགྲོ་གི་རེད་བསམས་ཀྱི་མེད། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་སླེབས་སྐབས་རྒྱ་གར་གྱི་ངོས་ནས་བོད་མིའི་རེ་བ་སྟོང་ཟད་དུ་གཏོང་གི་རེད་དྲན་གྱི་མེད། རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་སླེབས་སྐབས་ཚོང་འབྲེལ་ཐོག་གནད་དོན་གཙོ་བོ་ཡོང་གི་རེད། དེ་མིན་ས་མཚམས་དང་བོད་པའི་གནད་དོན་ཐོག་གླེང་སློང་གནང་རོགས་ཞེས་ཞུ་རྒྱུ་ཡིན། གླེང་སློང་གནང་བའི་ཐོག་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་དུ་བཏང་སྟེ། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རམ་འདེགས་དང་མཐུན་འགྱུར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། སྤྱིར་བཏང་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལྡེ་མིག་ནི་སྤྱི་ནོར་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་ཆགས་ཀྱི་ཡོད། དེ་བཞིན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་དམ་ཟབ་དང་ཡར་རྒྱས་ཡོང་རྒྱུར་ཡང་། བོད་པའི་དཀའ་རྙོག་སེལ་ན་དེ་ལྡེ་མིག་གཙོ་བོ་ཆགས་ཀྱི་ཡོད་”ཅེས་གསུངས་སོང་།
ཚོགས་གཙོ་སྤེན་པ་ཚེ་རིང་གིས་མུ་མཐུད་གསུང་དོན། “རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་ཚོས་རྒྱ་ནག་གི་འགོ་ཁྲིད་དང་མཉམ་ཐུག་འཕྲད་གནང་སྐབས་ང་ཚོས་རེ་བ་ཆེན་པོ་ཞུ་གི་ཡོད། བོད་ནང་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་འཛུགས་སྐྲུན་དང་ཡར་རྒྱས་ཀྱི་མིང་བཏགས་ཏེ། བོད་ནང་ཡར་རྒྱས་ཀྱི་ལས་གཞི་མང་པོ་ཞིག་འགྲོ་ལམ་དང་མེ་འཁོར་ལྕགས་ལམ་སོགས་མང་པོ་ཞིག་བརྒྱབ་ཡོད་རེད། དེ་དག་བོད་མིའི་ཆེད་མིན་པ་གསལ་པོ་རེད། དེས་རྐྱེན་པས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་འགྲོ་གཞིའི་རྒྱུ་གཙོ་བོ་ཆགས་ཀྱི་ཡོད་པ་གསལ་པོ་རེད། བོད་ཀྱི་ཁོར་ཡུག་གཙང་མའི་ཐོག་རྨ་མང་པོ་ཞིག་བཟོ་བཞིན་ཡོད། འཛུགས་སྐྲུན་གྱི་ལས་གཞིའི་ཐོག་ནས་རྨ་མང་པོ་ཞིག་བཟོས་ཀྱི་ཡོད། དེས་རྐྱེན་པས་ས་གནས་འཛིན་སྐྱོང་འགོ་ཁྲིད་པ་དང་བོད་མི་ཚོའི་དབར་འཁོན་འཛིན་ཆགས་ཀྱི་ཡོད། དེ་བཞིན་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་ཐོག་ནས་བོད་མི་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། ཆུ་རགས་རྒྱག་རྒྱུས་མཚོན་སྣོད་བཅུད་ལ་རྨ་མང་པོ་ཞིག་བཟོས་ཡོད། གཟུགས་པོ་ལྟ་བུར་མཚོན་ན། བོད་དེ་གཅོང་ནད་ཅན་ཞིག་ཏུ་འགྱུར་རྒྱུར་རྒྱ་ནག་གཞུང་གི་འཆར་གཞི་བསྒྲིགས་དང་སྒྲིག་བཞིན་པ་མ་ཟད། དེ་ལུགས་ལས་རིམ་ཡང་སྤེལ་དང་སྤེལ་མུས་རེད། ལྷག་པར་བོད་ཀྱི་ཁོར་ཡུག་ཐོག་བར་ལམ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཚན་རིག་སྡེ་ཚན་ཞིག་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད། དེའི་ནང་དངོས་ཡོད་ཀྱི་གནས་སྟངས་ཐོག་འདས་པའི་ལོ་བཅུའི་ནང་འགྱུར་བ་གང་འདྲ་ཞིག་ཕྱིན་ཡོད་མེད་ཆ་ཚང་ཞིག་གསལ་ཡོད། ཁོང་ཚོས་ཉམས་ཞིབ་བྱས་པ་བཞིན་དེར་ཐབས་ལམ་གང་ཡོད་མེད་དང་། སྲིད་བྱུས་གང་བཟུང་དགོས་རྒྱུ། དེ་བཞིན་ལས་གཞི་ལག་བསྟར་བྱེད་དགོས་རྒྱུ་སོགས་ཀྱི་ཐོག་ཉམས་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་འདུག་”ཅེས་བོད་ནང་གི་ཁོར་ཡུག་གི་གནད་དོན་སྐོར་དང་། ཞི་ཅིན་ཕིང་རྒྱ་གར་ལ་བསླེབས་པ་དང་འབྲེལ་བའི་ཐོག་ཕྱི་ཚེས་ ༡༩ ཉིན་གྲོས་ཚོགས་ནང་བགྲོ་གླེང་བྱ་རྒྱུའི་ལས་རིམ་ཡོད་སྐོར་གསུངས་སོང་།
དེ་བཞིན་གྲོས་ཚོགས་ཉིན་དང་པོའི་ཐོག་བོད་ནང་ནས་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་རྣམས་གཙོས། བོད་དོན་ཆེད་རང་སྲོག་ཤོར་མཁན་དང་བཙོན་ཡོད་མཁན་ཚོར་གདུང་སེམས་མཉམ་བསྐྱེད་གྱི་གྲོས་ཆོད་བཞག་པ་དང་། བོད་ནང་གི་ཛ་དྲག་གནས་བབས་སྐོར་ལ་ཉིན་དེར་བགྲོ་གླེང་བྱེད་ཀྱི་ཡོད་པ་དང་། གྲོས་ཚོགས་དེ་ཉིན་བཅུ་གཉིས་རིང་འཚོག་གི་ཡོད་པ་རེད།།