བལ་ཡུལ་ས་ཡོམ་གྱིས་བོད་སྟོད་ཕྱོགས་ཀྱི་ས་ཁུལ་མང་པོར་གནོད་སྐྱོན་ཐེབས།
ཕྱི་ཚེས་༢༥ ཉིན་བལ་ཡུལ་དུ་ས་ཡོམ་རིམ་པ་༧.༩ ཅན་ཞིག་བརྒྱབ་སྟེ་ད་ལྟའི་ཆར་ཤེས་རྟོགས་བྱུང་བ་ལྟར་མི་༣༢༡༨ ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་། ས་ཡོམ་དེས་རྐྱེན་པས་བལ་ཡུལ་དང་མཐའ་མཚམས་ཀྱི་བོད་སྟོད་ཕྱོགས་སུའང་གནོན་སྐྱོན་ཐེབས་ཏེ། མི་༡༧ ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད།
ཕྱི་ཚེས་༢༥ ཉིན་བལ་ཡུལ་དུ་ས་ཡོམ་རིམ་པ་༧.༩ ཅན་ཞིག་བརྒྱབ་སྟེ་ད་ལྟའི་ཆར་ཤེས་རྟོགས་བྱུང་བ་ལྟར་མི་༣༢༡༨ ལྷག་འདས་གྲོངས་སུ་གྱུར་ཡོད་པ་དང་། ས་ཡོམ་དེས་རྐྱེན་པས་བལ་ཡུལ་དང་མཐའ་མཚམས་ཀྱི་བོད་སྟོད་ཕྱོགས་སུའང་གནོན་སྐྱོན་ཐེབས་ཏེ། མི་༡༧ ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཅིག་གི་ནང་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་དུ་བྱུང་བའི་རིམ་༧.༩ ཅན་གྱི་ས་ཡོམ་བྱུང་ཡུལ་དེ་གཞིས་ཀ་རྩེ་ས་ཁུལ་སྐྱིད་གྲོང་རྫོང་གི་མཐའ་མཚམས་དང་བར་ཐག་སྤྱི་ལེ༤༣ དང་། གཉའ་ལམ་རྫོང་གི་མཐའ་མཚམས་དང་བར་ཐག་སྤྱི་ལེ་༤༢ ལས་མེད་པས། གཉའ་ལམ་དང་། སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གྲོ་མོ། ལྷ་རྩེ་དང་། མངའ་རིས་སྤུ་ཧྲེང་སོགས་ས་ཆ་མང་པོར་ཤུགས་རྐྱེན་ཐེབས་འདུག་ལ། ད་ལྟའི་ཆར་ཤེས་རྟོགས་བྱུང་བ་ལྟར་ན། ས་ཡོམ་དེའི་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་མི༡༧ འདས་གྲོངས་སུ་ཕྱིན་པ་དང་། མི༤ གར་སོང་ཆ་མེད། མི༥༥ རྨས། ཁང་པ༡༡༩༡ དང་དགོན་པ་༡ བརྡིབས་པ་དང་། ཁང་པ༥༨༢༨ དང་དགོན་སྡེ༥༤ ལ་ཚད་མི་འདྲ་བའི་གཏོར་སྐྱོན་ཕོག་པ་མ་ཟད། འགྲམ་སོགས་ས་ཆའི་འཕྲིན་གཏོང་རྟེན་གཞི༥༨ ལ་སྐྱོན་ཤོར་བ་དང་། མི་འབུམ ༢ ལྷག་ཙམ་ལ་ཚད་མི་འདྲ་བའི་གནོད་འཚེ་ཕོག་འདུག
ས་ཡོམ་བརྒྱབ་པའི་ཉིན་དེའི་མཚན་མོའི་ཆུ་ཚོད༡༢ བར། རིམ་པ༣ ཡན་གྱི་ཡོམ་འཕྲོ་ཐེངས་བཅུ་ཙམ་བརྒྱབ་པ་དང་ཡོམ་འཕྲོ་ཆེ་ཤོས་དེ་རིམ་པ ༧ ལ་སླེབས་ཡོད་ལ། གཞིས་ཀ་རྩེ་ནས་གཉའ་ལམ་རྫོང་གྲོང་བར་དང་། གཉའ་ལམ་རྫོང་གྲོང་ནས་འགྲམ་འགག་སྒོར་བསྐྱོད་སའི་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་འབྲེལ། ས་ཆ་མང་པོར་འདམ་རྡོའི་ཆུ་རུད་ཐོན་པ་དང་། རི་ཉིལ་ནས་འགྲིམ་འགྲུལ་ཆད་ཁར་སྐྱིད་གྲོང་རྫོང་གི་གློག་རྦད་དེ་ཆད་ཡོད་པ་རེད།
དེ་བཞིན་གནས་ཚུལ་ནང་། ས་ཡོམ་བརྒྱབ་རྗེས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཡོམ་འགོག་ལས་དོན་བཀོད་སྒྲིག་བྱས་ཏེ། བོད་ནང་གི་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ཁག་ལ་རོགས་སྐྱོར་མི་སྣ་མངགས་ཡོད་འདུག
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།