གསེར་རྟ་བླ་རུང་སྒར་གྱི་ཆབ་སྲིད་བཙོན་པ་གྲྭ་ངག་ཆུང་གློད་གྲོལ།
༢༠༠༨ ལོར་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག འཇུ་བཟུང་བྱས་པའི་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལོ་དྲུག་ལ་དུས་བཀག་བཙོན་འཇུག་བྱས་རྗེས། འདི་ལོའི་ཕྱི་ཟླ་༧ ཚེས་༨ ཉིན་གློད་གྲོལ་བཏང་ཡོད་ནའང། གཟུགས་པོའི་གནས་སྟངས་སྐྱོ་པོ་ཆགས་ཡོད་འདུག
༢༠༠༨ ལོར་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག འཇུ་བཟུང་བྱས་པའི་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ངག་ཆུང་ལོ་དྲུག་ལ་དུས་བཀག་བཙོན་འཇུག་བྱས་རྗེས། འདི་ལོའི་ཕྱི་ཟླ་༧ ཚེས་༨ ཉིན་གློད་གྲོལ་བཏང་ཡོད་ནའང། གཟུགས་པོའི་གནས་སྟངས་སྐྱོ་པོ་ཆགས་ཡོད་འདུག
དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁམས་དཀར་མཛེས་ཁུལ། གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པ་གྲྭ་ངག་ཆུང་ཕྱི་ལོ་༢༠༠༨ ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་དགོང་མོ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གྲྭ་ངག་ཆུང་དང། ཁོང་གི་ཕ་གཅིག་གི་སྤུན་མཆེད་རྒན་པ་གྲྭ་བཀྲ་ཕུན་དང༌། སློབ་གླིང་དེའི་གྲྭ་འགུ་དྲག་བཅས་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཉེན་རྟོག་ཁང་གིས་གསང་བའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང༌། སྐབས་དེར་འཛིན་བཟུང་བྱས་པའི་གྲྭ་བཀྲ་ཕུན་དང༌། འགུ་དྲག་གཉིས་རྗེས་སུ་གློད་གྲོལ་བཏང་ཡོད་ནའང༌། གྲྭ་ངག་ཆུང་ལ་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་འཇུ་བཟུང་བྱས་པ་ཡིན་ཚུལ་གྱིས་གསང་བའི་ཐོག་ནས་བཀག་ཉར་བྱས་ཏེ་ཡུན་རིང་གཉེན་ཉེ་དང་འབྲེལ་ཡོད་སུས་ཀྱང་ཁོང་གི་གནས་སྟངས་གསལ་པོ་ཤེས་རྟོགས་གང་ཡང་བྱུང་མེད་པ་རེད།
རྗེས་སུ་ཤེས་རྟོགས་བྱུང་བའི་སྐབས་ཁོང་ལ་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག ཡོངས་གྲགས་མིན་པར་གསང་བའི་ཐོག་ནས་ལོ་དྲུག་གི་དུས་བཀག་བཙོན་འཇུག་དང་། ལོ་གཅིག་གི་ཆབ་སྲིད་ཁེ་དབང་འཕྲོག་པའི་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་རུ་བཙོན་འཇུག་བྱས་ཡོད་འདུག
གྲྭ་ངག་ཆུང་འཇུ་བཟུང་སྐབས། རང་ལོ་ ༣༩ ཡིན་པ་དང། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་ཚ་ཡིན་པས་ཆུང་དུས་ནས་ཁམས་གསེར་རྟ་རྫོང་བླ་རུང་ཆོས་སྒར་དུ་འཛུལ་ཞུགས་ཀྱིས་ལོ་ཉི་ཤུ་ལྷག་སློབ་སྦྱོང་བྱས་པ་དང༌། བླ་རུང་ཆོས་སྡེའི་ལས་སྣེ་ཆེ་ཆུང་འདྲ་མིན་གྱི་འགན་ཁུར་མྱོང་བ་མ་ཟད། འཇུ་བཟུང་བྱེད་སྐབས་ཀྱང་ཆོས་སྡེ་དེའི་བཟང་སྤྱོད་ལས་ཁང་གི་འགན་ཁུར་བའི་གྲས་སུ་ཡོད་པས། སྐབས་དེར་བླ་རུང་ཆོས་སྡེའི་ལས་དོན་ཞིག་གི་ཆེད་དུ་ཁྲིན་ཏུའུ་རུ་ཡོང་བ་ཡིན་འདུག།
ད་ལྟ་ཁོང་གློད་གྲོལ་བཏང་ཡོད་ནའང་། མིག་གིས་མི་མཐོང་བ་སོགས་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་གནས་སུ་བརྒྱུད་ལམ་བཀག་འགོག་བྱེད་ཀྱི་ཡོད་པས། ཞིབ་འཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།