འབྲོག་པ་༢༤༡༧༠༠༠ ཙམ་གཏན་འཇགས་སྡོད་ཁང་ནང་གནས་སྤོར་བྱས།

ཟླ་འདིའི་ཚེས་༨ ནས་བདུན་ཕྲག་གཅིག་ཙམ་གྱི་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་པདྨ་ དང་། འཕྲིན་ལས་དབང་སྟོབས་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་ཕེབས་ནས་ས་གནས་ཀྱི་སེར་སྐྱ་མི་མང་ལ་བོད་ནང་གི་བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་། འབྲོག་པའི་འཚོ་གནས་རྩ་གཏོར་དུ་གཏོང་བཞིན་པའི་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད།

ཟླ་འདིའི་ཚེས་༨ ནས་བདུན་ཕྲག་གཅིག་ཙམ་གྱི་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་པདྨ་ དང་། འཕྲིན་ལས་དབང་སྟོབས་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་ཕེབས་ནས་ས་གནས་ཀྱི་སེར་སྐྱ་མི་མང་ལ་བོད་ནང་གི་བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་། འབྲོག་པའི་འཚོ་གནས་རྩ་གཏོར་དུ་གཏོང་བཞིན་པའི་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད།

about policyདེ་ཡང་ཟླ་འདིའི་ཚེས་༩ ཉིན་གྱི་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་ནང་གྲྭ་མང་ལ་ཉམས་ཞིབ་པ་བསྟན་འཛིན་པདྨས་ད་ལྟའི་བོད་ནང་གི་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཐོག་ངོ་སྤྲོད་གཏམ་བཤད་གནང་སྐབས། འཛམ་གླིང་ནང་གི་སྐད་ཡིག་གང་འདྲ་ཞིག་ཡིན་རུང་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འཕོ་འགྱུར་འདྲ་མིན་འགྲོ་ཡི་ཡོད་པ་དངོས་པོའི་ཆོས་ཉིད་ཡིན་ན་ཡང་། སྐད་ཡིག་འགའ་ཤས་གནས་སྟངས་འདྲ་མིན་ནམ་བཙན་དབང་སོགས་ལ་བརྟེན་ནས་ཉམས་རྒུད་དང་རྩ་བརླག་ཏུ་འགྲོ་མུས་སུ་ཡོད་ལ། འགའ་ཤས་ཡར་རྒྱུས་གོང་འཕེལ་དུ་ཡང་འགྲོ་ཡི་ཡོད་པ་རེད། ང་ཚོ་བོད་ནང་གི་བོད་ཀྱི་སྐད་ཡིག་ལ་མཚོན་ན། ཕྱི་ལོ་༡༩༦༢ ཙམ་ནས་བཟུང་རིམ་པས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་མེད་པ་རྩ་བརླག་བཟོ་རྒྱུའི་ངན་འཆར་རིམ་པ་འཐེན་ནས། ད་ལྟའི་བར་བོད་ཀྱི་སྐད་ཡིག་ཐབས་བརྒྱ་ཇུས་སྟོང་གི་མེད་པ་བཟོ་རྒྱུའི་གཡོ་ཇུས་སྣ་ཚོགས་ཤིག་འཐེན་བཞིན་ཡོད་པ་གསལ་པོ་རེད། བོད་ནང་ལོགས་ཀྱི་བོད་ཕྲུག་ཚོར་རྒྱ་ནག་གཞུང་གིས་ཤེས་ཡོན་དང་སློབ་གསོ་སྤྲོད་ཀྱི་ཡོད་པ་རེད། ཡིན་ན་ཡང་དེའི་དམིགས་ཡུལ་དང་རྒྱབ་ལྗོངས་ག་རེའི་ཆེད་དུ་ཡིན་པ་ངེས་པར་དུ་ཤེས་དགོས་པ་རེད། རྒྱ་ནག་གི་དཔོན་རིགས་ཤིག་གིས། ང་ཚོའི་བོད་ཕྲུག་ཚོར་སློབ་སྦྱོང་སྤྲོད་ཀྱི་ཡོད། དེའི་དམིགས་ཡུལ་ལམ་དགོས་པ་གཙོ་བོ་ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་བྱེད་མཁན་ཞིག་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་བྱེད་མཁན་ཞིག་གསོ་སྐྱོང་བྱེད་ཀྱི་ཡོད་ཅེས་ལབ་ཡོད་པ་རེད། རྒྱ་གཞུང་གི་ངོས་ནས་དེ་ལྟ་བུའི་གཡོ་སྒྱུ་དང་ཧམ་ཇུས་སྣ་ཚོགས་ཤིག་འཐེན་བཞིན་ཡོད་ན་ཡང་།

policyབོད་ནང་གི་གཞིས་བཞུགས་བོད་མི་ཚོའི་བོད་གངས་ཅན་གྱི་སྐད་ཡིག་མི་རབས་ནས་མི་རབས་གསོན་པོར་གནས་ཆེད་དུ་བོད་ནང་གི་བླ་ཆེན་དང་། མཁས་དབང་། དེ་བཞིན་སེར་སྐྱ་མི་མང་ཡོངས་ཀྱིས་མ་བསྐུལ་དང་བླངས་ཀྱི་བོད་ཀྱི་སྐད་ཡིག་ཉམ་པ་སླར་གསོ་དང་མི་ཉམ་རྒྱུན་ནས་ཡོང་ཕྱིར་བོད་ཀྱི་སྐད་ཡིག་ནང་དེང་དུས་ཀྱི་ཐ་སྙད་གསར་པ་དག་འདངས་ངེས་མེད་རྐྱེན། ཐ་སྙད་གསར་བཟོིའི་རླབས་ཆེན་གྱི་ལས་གཞི་སྤེལ་གྱི་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༠ ནས་བཟུང་བོད་ནང་གི་མདོ་སྟོད་སྨད་ཀྱི་ས་ཁུལ་འདྲ་མིན་ནང་བོད་ཀྱི་སྐད་ཡིག་རང་དབང་དང་མི་རིགས་འདྲ་མཉམ་ཆེད་དུ་ཞི་རྒོལ་ལས་འགུལ་ཐེངས་མང་སྤེལ་ཡོད་པའི་མཚོན། བོད་ནང་གི་བོད་མི་རྒན་གཞོན་ཕོ་མོ་ཡོངས་ཀྱི་ཡིག་རྨོངས་སེལ་ཆེད་དུ་འཛིན་གྲྭ་འགོ་བཙུགས་ནས་བོད་ཡིག་སྦྱང་བརྩོན་དང་དར་སྤེལ་གྱི་ལས་འགུལ་གང་སར་སྤེལ་དང་སྤེལ་བཞིན་ཡོད་པ་རེད་ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། སི་ཏ་ལེན་(Stalin) གྱིས་མི་རིགས་ཤིག་རྩ་མེད་བཟོ་དགོས་ན། ཐོག་མར་མི་རིགས་དེའི་སྐད་ཡིག་རྩ་མེད་བཟོ་དགོས་པ་རེད་ཅེས་བཤད་པ་ལྟར་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་དམའ་འབེབས་བྱེད་ཀྱི་ཡོད་པ་ཙམ་དུ་མ་ཟད། བོད་ཀྱི་སྐད་ཡིག་ནི་དུས་རབས་ཉེར་གཅིག་པའི་ནང་བེད་སྤྱོད་མེད་སྐོར་སོགས་ལ་ཁ་གཡར་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་རང་དབང་དང་། ཐོབ་ཐང་ཆ་ཚང་བཙན་འཕྲོག་བྱས་ནས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་མཁྲེགས་འཛིན་དང་གཡོ་ཇུས་སྣ་ཚོགས་ཀྱི་སྲིད་བྱུས་འདྲ་མིན་ལ་བརྟེན་ནས། བོད་ཀྱི་སྐད་ཡིག་ཉམ་རྒུད་དུ་འགྲོ་ཡི་ཡོད་པ་རེད། འོན་ཀྱང་བོད་ནང་གི་བོད་མི་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཐ་ན་རང་གི་ཚེ་སྲོག་ཡན་ཆད་འབེན་ལ་བཙུགས་ནས་འགྱུར་བ་མེད་པའི་སྙིང་སྟོབས་དང་ཆོད་སེམས་ལ་བརྟེན་ནས། ད་ལྟའི་བར་བོད་ཀྱི་སྐད་ཡིག་དེ་མན་ཇུའི་སྐད་ཡིག་ནང་བཞིན་གྱི་གནས་སྟངས་ཆགས་ཡོད་པ་མ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།

དེ་ནས་འཕྲིན་ལས་ཆོས་སྟོབས་ཀྱིས་བོད་ནང་གི་འབྲོག་པ་ཚོ་གཏན་འཇགས་སྡོད་ཁང་ནང་རྒྱ་ནག་གཞུང་གི་ངོས་ནས་བཙན་ཤེད་ཀྱི་གནས་སྤོར་བཅུག་གི་ཡོད་པ་དང་། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་གང་ཡིན་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་དོན།

རྩ་བའི་འཛམ་གླིང་གི་ཤེས་ལྡན་མི་སྣ་ཚོས་བོད་ནི་གོ་ལའི་སྣེ་མོ་གསུམ་པ་དང་། ཨེ་ཤ་ཡའི་ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས། སྐྱེས་དངོས་རྩི་ཤིང་གི་བང་མཛོད། འཛམ་གླིང་གི་གནམ་གཤིས་སྙོམ་སྒྲིག་བྱེད་ཡུལ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ན་ཡང་། རྒྱ་ནག་གཞུང་ངོས་ནས་བོད་ཀྱི་སྣོད་བཅུད་ཡོངས་སུ་རྫོགས་པ་རྩ་མེད་བཟོ་རྒྱུའི་གཡོ་ཇུས་སྣ་ཚོགས་དངོས་ཤུགས་བརྒྱུད་གསུམ་ནས་ལག་བསྟར་བྱ་དང་བྱེད་བཞིན་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༠༣ ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པའི་འཚོ་གནས་རྗེ་པོ་རྒྱག་རྒྱུའི་བྱ་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་པ་རེད་ལ། ད་ལྟའི་བར་དུ་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོ་ཞིག་ནས་འབྲོག་པ་མང་པོ་ཞིག་གནས་སྤོའི་ལས་གཞིའི་ནང་དངོས་སུ་ཞུགས་ཡོད་པ་རེད། ཁོང་ཚོས་རྒྱ་གཞུང་གི་གཡོ་ཇུས་ལྡན་པའི་འཆར་གཞིའམ་དམིགས་ཡུལ་ཆ་ཚང་བ་ཤེས་རྟོགས་མེད་པར་ལས་གཞི་དེའི་ནང་ཞུགས་པ་རེད། ཐ་ན་སྡོད་ཁང་གསར་རྒྱག་གི་ལས་གཞི་སོགས་རིམ་པ་གང་ལ་ཡང་བསམ་འཆར་འདོད་རྒྱུའི་གོ་སྐབས་ཙམ་ཡང་རག་ཡོད་པ་མ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་བོད་ཀྱི་འབྲོག་པ་མང་པོ་ཞིག་གི་འཚོ་གནས་རྗེ་པོ་རྒྱག་དགོས་བྱུང་ཡོད་པ་དང་། ད་ལྟའི་ཆར་སྡོད་ཁང་གསར་པའི་ནང་གནས་སྤོས་བྱས་ཡོད་པའི་འབྲོག་པ་མང་པོ་ཞིག་ལ་དཀའ་ངལ་འབྲད་ཀྱིན་ཡོད་པ་རེད།དེ་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་འབྲོག་པོ་ཚོའི་སྲོལ་རྒྱུན་གྱི་མི་ཚེ་སྐྱེལ་སྟངས་ཤིག་ཡོངས་སུ་ཐ་དད་ཞིག་ཡིན་པ་དང་། ཡུལ་སྲོལ་གོམས་གཤིས་སོགས་དང་གཏན་ནས་འོས་འཚམས་མེད་པའི་འཚོ་གནས་སྐྱེལ་སྟངས་དེའི་བོད་ཀྱི་འབྲོག་པ་མང་ཚོགས་ལ་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་པ་རེད་ཅེས་གསུངས་སོང་།
རྒྱ་ནག་གཞུང་ངོས་ནས་བོད་ཀྱི་འབྲོག་པ་གཏན་འཇགས་སྡོད་ཁང་དུ་གནས་སྤོ་བྱེད་དུ་འཇོག་དོན་གཙོ་བོ་བོད་ཞེས་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཐ་ན་འཚོ་བ་སྐྱེལ་སྟངས་སོགས་ཕྱོགས་ཡོངས་ནས་རྒྱ་ནག་དང་ཐ་དད་ཞིག་ཡིན་པས། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ནས་བོད་ཞེས་པའི་དམིགས་བཀར་གྱི་ངོས་འཛིན་ས་མི་རྙེད་པ་ཞིག་བཟོ་ཆེད་དུ་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ནས། བོད་ཀྱི་འབྲོག་པ་ཚང་མ་གཏན་འཇགས་སྡོད་ཁང་གསར་པའི་ནང་གནས་སྤོ་བྱེད་བཅུག་མེད་ན་ཡང་། ཁེ་ཕན་མང་དག་ཅིག་སྤྲོད་ཀྱི་ཡིན་སྐོར་གྱི་ཁ་ཁོག་མི་མཚུངས་པའི་མགོ་གཡོག་མགོ་སྐོང་དང་། གཡོ་ཇུས་བསླུ་བྲིད་འདྲ་མིན་གྱི་འོག་ནས་ད་ལྟའི་ཆར་བོད་ནང་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་འདྲ་མིན་ནས་འབྲོག་པ་ཁྱོན་བསྡོམས་མི་གྲངས་༢༤༡༧༠༠༠ ཙམ་གཏན་འཇགས་སྡོད་ཁང་ནང་གནས་སྤོར་བྱས་ཚར་ཡོད་པ་རེད་ཅེས་སོགས་གསུངས་སོང་།
དེ་ནས་སྒོ་མང་གྲྭ་ཚང་དང་གཞིས་གྲོང་ཁག་སློབ་གྲྭ་ཁག་བཅས་སུ་རིམ་པས་བོད་ནང་གི་སྐད་ཡིག་དང་འབྲོག་པའི་གནས་སྟངས་སོགས་ངོ་སྤྲོད་གཏམ་བཤད་གནང་རྒྱུ་རེད་འདུག
ལྷོ་ཕྱོགས་གསར་འགོད་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།