བྱང་ཀོ་རི་ཡའི་བཙན་ཤེད་ཀྱི་འོས་བསྡུ།
དམར་ཤོག་རྒྱལ་ཁབ་བྱང་ཀོ་རི་ཡའི་ས་གནས་ཁག་གི་འོས་བསྡུ་མཇུག་བསྒྲིལ་ཡོད་པ་དང་། འོས་དངོས་སུ་འཕེན་མཁན་གྱིས་བརྒྱ་ཆ་ ༩༩.༩༧% ཟིན་ཡོད་ཀྱང་། དེ་ནི་ཧང་སང་དགོས་པ་ཞིག་མིན་པར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་སྔོན་ནས་ཚོད་དཔག་བྱས་ཡོད་འདུག
དམར་ཤོག་རྒྱལ་ཁབ་བྱང་ཀོ་རི་ཡའི་ས་གནས་ཁག་གི་འོས་བསྡུ་མཇུག་བསྒྲིལ་ཡོད་པ་དང་། འོས་དངོས་སུ་འཕེན་མཁན་གྱིས་བརྒྱ་ཆ་ ༩༩.༩༧% ཟིན་ཡོད་ཀྱང་། དེ་ནི་ཧང་སང་དགོས་པ་ཞིག་མིན་པར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་སྔོན་ནས་ཚོད་དཔག་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༡ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་ས་གནས་ཁག་གི་འོས་བསྡུ་དེ་ལོ་ལྔ་རེའི་རྗེས་ལ་བྱེད་ཀྱི་ཡོད་པ་དང་དེའི་དགོས་པ་ནི་རྫོང་དང་། གྲོང་ཁྱེར། དེ་བཞིན་ཞིང་ཆེན་ཁག་གི་ས་གནས་འཐུས་ཚོགས་འདེམ་རྒྱུ་དང་། འཐུས་ཚོགས་དེ་དག་གི་ལས་འགན་གཙོ་བོ་ས་གནས་ཁག་གི་སྔོན་རྩིས་འཆར་གཞི་དང་། དཔལ་འབྱོར་དང་འབྲེལ་བའི་ལས་འཆར་གཏན་འབེབས། དེ་བཞིན་ས་གནས་ཀྱི་དཔོན་རིགས་སོགས་གནས་དབྱུང་གཏོང་རྒྱུའི་དབང་ཆ་སོགས་ཡོད་པ་རེད།
འོས་མི་ནི་དམར་ཤོག་ཚོགས་པས་སྔོན་ཚུད་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་དང། འོས་བསྡུའི་སྐབས་འོས་ཤོག་སྒང་། འོས་མི་གཅིག་གི་མིང་ལས་མེད་པ་དང། མི་མང་ཚོས་འོས་ཤོག་དེ་འཁྱེར་ནས་འོས་སྒམ་ནང་བླུགས་དགོས་པ་དང་། གལ་ཏེ་འོས་མི་དེར་རྒྱབ་སྐྱོར་མེད་ཚེ་འོས་སྒམ་གཞན་ཞིག་ནང་འོས་ཤོག་དེ་བླུགས་དགོས་ཀྱི་ཡོད་ན་ཡང་། ད་བར་འོས་སྒམ་དེ་བེད་སྤྱོད་མཁན་བྱུང་མེད་པ་རེད།
སེམས་པ་ཐང་པོ་མེད་མཁན་དང་མཚོ་ཐོག་ལ་ལས་ཀ་བྱེད་མཁན། དེ་བཞིན་ལུང་པ་གཞན་ལ་ལས་ཀ་བྱེད་མཁན་ཕུད་པའི། ནད་པ་དང་རྒན་ཁོག་སུ་ལ་ཡང་དམིགས་བསལ་མེད་པར་འོས་ཤོག་འཕེན་དགོས་ཀྱི་ཡོད་འདུག
བྱང་ཀོ་རི་ཡ་ནས་ལྷོ་ཀོ་རི་ཡ་ལ་བྲོས་བྱོལ་དུ་སླེབས་མཁན་དང། དཔྱད་ཞིབ་པ་མང་པོ་ཞིག་གིས་བརྗོད་པ་ལྟར་ན། ངེས་པར་དུ་འོས་ཤོག་འཕེན་དགོས་པའི་ཁྲིམས་དེ་གཞུང་གི་མི་འབོར་གྲངས་བཤེར་གྱི་ཆེད་ཡིན་པ་མ་ཟད། མི་སུ་ཞིག་ལྷོ་ཀོ་རི་ཡ་ལ་བྲོས་བྱོལ་དུ་ཕྱིན་ཡོད་མེད་བརྟག་དཔྱད་བྱས་ཏེ། བྲོས་བྱོལ་དུ་སོང་པ་རྣམས་ཀྱི་ནང་མི་ལ་ཡང་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།