ཁྲིམས་ཀྱི་དབང་བསྒྱུར་དང་མང་གཙོའི་རིང་ལུགས་གཉིས་སྒོར་མོ་གཅིག་གི་ཕྱོགས་གཉིས་ལྟ་བུ་རེད།
ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གསར་འཛུགས་བྱས་ནས། ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་མཱེ་ཇོར་ ཝེ་ཇེ་(Major Vijay) བཅས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གསར་འཛུགས་བྱས་ནས། ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་མཱེ་ཇོར་ ཝེ་ཇེ་(Major Vijay) བཅས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
དུས་དྲན་མཛད་སྒོའི་ཐོག་མང་གཙོ་ཚོགས་པའི་རྒྱུན་ལས་ཟུར་པ་རྣམས་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་། དྷ་སར་གནས་སྡོད་སྤྱི་འཐུས་ཁག་ཅིག དེ་བཞིན་བོད་ཀྱི་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་རྒྱུན་ལས་རྣམས། ཚོགས་པ་སྒྲིག་འཛུགས་ཁག་གི་ཚོགས་གཙོ་དང་སྐུ་ཚབ། རྒྱ་གར་གྱི་ས་གནས་དཔོན་རིགས་ཁག་ཅིག མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།
མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་། ཚོགས་གཙོ་ཟུར་པ་འཆི་མེད་གཡུང་དྲུང་། རྒྱུན་ལས་ཟུར་པ་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་། རྒྱུན་ལས་ཟུར་པ་སྤྱི་འཐུས་ཟླ་བ་ཕུད་སྐྱིད་སོགས་ལ་དུས་དྲན་དང་འབྲེལ་བའི་ཕྱག་རྟགས་ཕུལ་བ་དང་། ཚོགས་གཙོ་དང་དབུས་རྒྱུན་ཟུར་པ་ཁག་ཅིག་ཚོགས་ཐོག་ཏུ་བཅར་ཐུབ་མེད་པ་རེད།
མཛད་སྒོའི་ཐོག་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་དང་། དྲུང་ཆེ་བློ་དགའ་གཉིས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་བོད་དབྱིན་གཉིས་ཐོག་སྒྲོགས་སྦྱང་གནང་བ་དང་། དེའི་ནང་༧གོང་ས་མཆོག་གིས་བཀའ་དགོངས་འོག་མང་གཙོ་ཚོགས་པ་གསར་འཛུགས་བྱས་སྐོར་དང་། “གཞོན་སྐྱེས་དེང་རབས་ཀྱི་ཤེས་ཡོན་པ་རྣམས་བེད་སྤྱོད་དང་སྲུང་སྐྱོབ་བྱས་ཏེ། གསར་བརྗེའི་འགྱུར་འགྲོས་མདུན་བསྐྱོད་མ་ཐུབ་ཚེ། མང་གཙོའི་ལམ་ལུགས་བཟང་ཡང་རྒྱུན་ལྡན་གྱི་བྱེད་སྒོ་ལྟ་བུར་གྱུར་ཏེ་ལྟ་གྲུབ་དང་ལམ་སྲོལ་གྱི་ལེགས་ཆའི་ནུས་པ་རིམ་གྱིས་ཡལ་ནས་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་པ་ལ་ཕན་མེད་དུ་འགྱུར་སྲིད་པ་ཞིག་རེད། ཆབ་སྲིད་དང་འཛིན་སྐྱོང་། མང་གཙོའི་ལམ་ལུགས་བཅས་ནི། སྲོལ་རྒྱུན་ལྟར་རྒྱུན་འཛིན་བྱ་རྒྱུ་ཞིག་མིན་པར། འགྱུར་བ་དང་གསར་བརྗེའི་འཕེལ་ཤུགས་མ་ཉམས་པའི་སྟེང་ནས་སྤྱི་ཚོགས་ཀྱི་རྩ་དོན་ལ་ཕན་ཐོགས་ཡོད་པའི་ལས་དོན་རྣམས་བསམ་ཕོད་པ་དང་། བཤད་ཕོད་པ། བྱེད་ཕོད་པ་བཅས་གཞི་རིམ་མང་གཙོའི་ལག་ལེན་ལ་ངེས་པར་བརྟེན་དགོས་པ་ཡིན་”ཞེས་འཁོད་འདུག
དེ་བཞིན་གཏམ་བཤད་དེའི་ནང་“མང་གཙོའི་སྙིང་དོན་ནི་ཁྲིམས་ཀྱི་དབང་བསྒྱུར་ཡིན་པ་དང་། ཡུལ་མིས་ཡུལ་ཁྲིམས་མ་བསྲུང་ན་མང་གཙོའི་གཞི་རྩ་བྲལ་བས། བོད་མི་རྣམས་ཁྲིམས་སྒྲིག་བརྩི་སྲུང་ཞུ་བའི་གོམས་གཤིས་སྤེལ་ཐབས་དང་། གནས་ཡུལ་མི་ལ་མཐུན་ལམ་བཟུང་ཐབས་བྱ་རྒྱུ། མི་མང་གི་ཆེད་དུ་མི་མང་གིས་བཙུགས་པའི་མི་མང་གི་གཞུང་དེས་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པ་ཞིག་ཡོང་དང་མི་ཡོང་། མི་མང་གི་རྒྱབ་སྐྱོར་དང་ལམ་སྟོན་ལ་རག་ལས་པས། བཙན་བྱོལ་གཞུང་གི་ཆབ་སྲིད་དང་ལམ་ལུགས་གཉིས་ཀའི་ཐོག་མི་མང་གིས་ཐུགས་སྣང་ཆེན་པོས་གཟིགས་སྐྱོང་ཡོང་བ་ཞུ་”ཞེས་འཁོད་འདུག
རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་མཱེ་ཇོར་ ཝེཇེ་ཡིས་མང་གཙོ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། བོད་དེ་ཞི་བདེའི་མི་རིགས་ཤིག་ཡིན་པ་དང་། ལོ་རྒྱུས་ཐོག་ནས་༡༩༤༩ ལོ་ནས་རྒྱ་ནག་གིས་བོད་བཟུང་བ་ཡིན་པའི་སྐོར་དང་། མང་གཙོའི་སྤྱི་ཚོགས་ནང་དུ་བསམ་ཚུལ་མ་མཐུན་པ་ཡོང་སྐབས་བྱེད་དགོས་པ་བཞི་ཡོད་རེད། བགྲོ་གླེང་དང་། གོ་བསྡུར། བཞེངས་བཤད་བཅས་བྱས་རྗེས། ཐག་གཅོད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། ༧གོང་ས་མཆོག་བཀའ་དྲིན་ཆེན་པོ་དང་བཙན་བྱོལ་བོད་མིའི་མང་གཙོ་ལ་བསྟོད་བསྔགས་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་སྔོན་མ་བོད་དོན་ལས་འགུལ་སྤེལ་སྐོར་དང་། མ་འོངས་པར་ཡང་བོད་དོན་ལས་འགུལ་སྤེལ་འཆར་ཡོད་སྐོར་གསུངས་སོང་།
བཀའ་ཟུར་ཀིརྟི་རིན་པོ་ཆེས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་དགེ་སྐྱོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། “ཚོགས་པ་འདི་ལོ་༢༠ རིང་གནས་ཐུབ་པ་དེ་དགེ་མཚན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ཡང་འཕེལ་རྒྱས་ཆེན་པོ་ཞིག་བྱུང་ཡོད་པ་མ་རེད། ལས་ཀ་མང་པོ་ཞིག་བྱས་ཡོད་པས། མ་འོངས་པར་གོང་འཕེལ་དང་ཆ་ཚང་བ་ཞིག་ཡོང་ཐབས་སུ་ཚོགས་མི་ཚང་མས་འགན་ཁུར་དགོས་པ་རེད་”ཅེས་གསུངས་སོང་།
རིན་པོ་ཆེས་མུ་མཐུད་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། བོད་ལ་མང་གཙོ་དེ་སངས་རྒྱས་ཀྱི་བསྟན་པ་དར་ནས་འགོ་བཙུགས་ཡོད་པ་དང་། སངས་རྒྱས་ཀྱི་བསྟན་པའི་ནང་མང་གཙོ་དགོས་ཀྱི་ཡོད་པ། དགེ་འདུན་པ་དམངས་ལ་དྲིས་ནས་ཐག་གཅོད་གནང་དགོས་པ་མང་པོ་ཡོད་པས་བོད་སྤྱི་ལ་ཁྱབ་ཡོད་སྐོར་དང་། ཆབ་སྲིད་ཀྱི་ཐོག་ནས་མི་མང་གི་འཐུས་མི་བསྐོ་རྒྱུའི་ལུགས་སྲོལ་ཡོད་པ་དང་། ཁོང་ཚོའི་ཕ་ཡུལ་དུ་སྔོན་མ་ནས་ཕྱུང་མི་ཟེར་བ་ཞིག་མི་མང་གིས་འདེམས་ཀྱི་ཡོད་སྐོར་དང་། ཁམས་དང་དབུས་ཕྱོགས་སུ་ཡང་རྒན་པོ་ཟེར་བ་ཞིག་མི་མང་གིས་བདམས་ནས། དེས་མི་མང་སྐུ་ཚབ་མཚོན་གྱི་ཡོད་པ། བོད་ཀྱི་རྒྱལ་པོ་དང་སྡེ་སྲིད་སོགས་ཀྱང་མི་མང་དཀྱུས་མའི་ནང་ནས་ཡོང་མྱོང་ཡོད་པའི་སྐོར། བོད་པའི་ངག་རྒྱུན་ལ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་གྱི་ཡོད་སྐོར་སོགས་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། ཆབ་སྲིད་ཀྱི་ཐོག་ནས་མང་གཙོ་ཟེར་བའི་ཚིག་དེ་རྒྱ་ནག་གིས་བོད་དབང་བསྒྱུར་སྐབས། དམངས་གཙོ་བཅོས་བསྒྱུར་ཟེར་ལས་བྱུང་ཡོད་སྐོར་དང་། དེ་རྗེས་བོད་མི་བཙན་བྱོལ་དུ་སླེབས་རྗེས། ༧རྒྱལ་བ་རིན་པོ་ཆེས་མང་གཙོ་གསོལ་རེས་གནང་བ་དང་། སྤྱི་འཐུས་འདེམས་སྐོས་བྱས་པའི་སྐོར། མི་མང་གིས་མང་གཙོ་དགོས་ཀྱི་འདུག་བསམ་པ་དང་། མང་གཙོ་ག་རེ་ཡིན་པ་གསལ་པོ་ཤེས་ཀྱི་མེད་པ་བྱུང་སྐོར། དེའི་རྗེས་མང་གཙོ་འཕེལ་རྒྱས་ཀྱི་སྐོར་སོགས་གསུངས་ཡོད་པ་རེད།
བོད་མིའི་ནང་མང་གཙོའི་ཐོག་གོ་རྟོགས་ཡོད་མཁན་ཉུང་ཉུང་ཡིན་པ་དང་། སྤྱི་འཐུས་དང་སྲིད་སྐྱོང་འོས་འདེམས་རྗེས། མི་མང་ལ་མང་གཙོའི་ཐོབ་ཐང་དང་མང་གཙོའི་ཁེ་ཕན། ལས་འགན་ག་རེ་ཡོད་ལ་བསམ་བློ་གཏོང་མཁན་མེད་སྐོར། སྐྱོན་བརྗོད་ག་ཚོད་བྱེད་ཐུབ་ན་མང་གཙོ་ཡིན་པར་ངོས་འཛིན་བྱེད་མཁན་བོད་ཕྱི་ནང་གཉིས་ན་ཡོང་གི་ཡོད་སྐོར་དང་། བཤད་ན་ཁེ་ཕན་ཡོད་མེད་ལ་ལྟ་དགོས་སྐོར་སོགས་གསུངས་སོང་།
མང་གཙོའི་སྐྱོན་དེ། མི་ཁ་ཤས་ཀྱིས་མང་གཙོའི་ཚིག་དེ་བེད་སྤྱོད་བྱས་ནས། ཇུས་ཏོག་བྱེད་ཤེས་ལ་མ་ཤེས་མཁན་ཚོས་སྐྱོན་བརྗོད་མང་པོ་བྱས། ཕན་ཐོགས་ཡོད་མེད་ལ་བསམ་བློ་མ་བཏང་བར་བོད་མིའི་མཐུན་སྒྲིལ་ལ་གནོད་ཀྱི་ཡོད་སྐོར། ཁག་ཅིག་གིས་ཆེད་དུ་ནང་ཁུལ་ལ་དཀྲུག་ཤིང་བྱེད་མཁན་དང་། མགོ་སྐོར་འོག་ལ་ཚུད་ནས་འདྲ་མིན་བཤད་མཁན་ཡོད་སྐོར། ༧གོང་ས་མཆོག་གི་བཀའ་དྲིན་འོག་མང་གཙོ་དང་བོད་ཀྱི་ཆོས་རིག་དར་སྤེལ་བྱུང་ཡོད་སྐོར་སོགས་གསུངས་སོང་།
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་མང་གཙོ་དང་ཁྲིམས་ལུགས་རང་བཞིན་གལ་ཆེ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། “ལོ་༢༠ སྔོན་བོད་རྒྱལ་ཡོངས་མང་བཙོ་ཚོགས་པ་གསར་དུ་བཙུགས་པའི་བྱུང་རིམ་ངས་ད་ལྟ་དྲན་གྱི་འདུག དེའི་སྐབས་བཙན་བྱོལ་གནས་སྟངས་དང་། བོད་ནང་གི་གནས་སྟངས། དེ་ནས་ལོ་༢༠ ཕྱིན་པའི་རྗེས་ལ་ཕྱོགས་ཡོངས་ནས་འགྱུར་བ་ག་ཚོད་ཕྱིན་ཡོད་རེད། བསྡོམས་རྒྱག་རྒྱུ་ཁག་པོ་རེད། རང་ཉིད་ལ་མཚོན་ན་ཡང་སྐབས་དེའི་བསམ་བློ་འཁྱེར་ཕྱོགས་དང་། མང་གཙོའི་གོ་རྟོགས། དེ་རིང་གི་བསམ་བློ་འཁྱེར་ཕྱོགས་དང་། མང་གཙོའི་གོ་རྟོགས་ལ་ཁྱད་པར་ཞེ་དྲག་ཕྱིན་ཟིན་པ་རེད་”ཅེས་གསུངས་སོང་།
ཟམ་གདོང་རིན་པོ་ཆེས་མུ་མཐུད་གསུང་དོན། “ཁྲིམས་ཀྱི་དབང་བསྒྱུར་དང་མང་གཙོའི་རིང་ལུགས་གཉིས་སྒོར་མོ་གཅིག་གི་ཕྱོགས་གཉིས་ལྟ་བུ་རེད། ཁྲིམས་ཀྱི་དབང་བསྒྱུར་མེད་ན་མང་གཙོ་ཡོང་ཐབས་མེད་པ་དང་། མང་གཙོ་མེད་ན་ཁྲིམས་ཀྱི་དབང་བསྒྱུར་ཡང་དག་པ་ཡོང་ཐབས་མེད་པ་དངོས་ཡོད་གནས་ཚུལ་རེད། ཁྲིམས་ཀྱི་དབང་བསྒྱུར་གྱི་ཁྲིམས་ལ་ཡང་གནས་སྟངས་མང་པོ་ཡོད་རེད། རང་བཞིན་གྱི་ཁྲིམས་དང་། མིས་བཟོས་པའི་ཁྲིམས། ཆོས་ལུགས་དང་འབྲེལ་བ་ཡོད་པ་སོགས་སྣ་ཚོགས་ཡོད་པའི་ནང་ནས། ཁྲིམས་ཀྱིས་དབང་བསྒྱུར་ད་ལྟ་སྐད་ཆ་བཤད་ཀྱི་ཡོད་པ་དེ་དང་། ལྷག་པར་དུ་དྲང་བདེན་ཞེས་བཤད་སྡོད་པ་དེ་མིས་བཟོས་པའི་ཁྲིམས་དེར་གཙོ་ཆེ་བ་གོ་ཡི་རེད། ལྟ་ཕྱོགས་གཞན་ནས་བལྟས་ན་ཡུལ་དུས་གནས་བབས་སྣ་ཚོགས་ལ་བསྟེན་ནས་བཟོས་པ་དང་། བཟོ་མཁན་མི་ཡང་ཐམས་ཅད་མཁྱེན་པ་མིན་པས། ཕྱོགས་ཡོངས་ཀྱི་གནས་ཚུལ་མ་རྟོགས་པའི་ཐོག་ནས་བཟོས་པ་དང་། བཟོས་རྗེས་ཡང་དང་བསྐྱར་དུ་བཟོ་བཅོས་དགོས་པ་ཡོང་སྲིད་པ་ཞིག་རེད་”ཅེས་ཆོས་ཕྱོགས་ཀྱི་ཁྲིམས་ཀྱི་འགྲོ་སྟངས་ཁག་ཅིག་ཀྱང་ངོ་སྤྲོད་གནང་སོང་།
ཁོང་གིས་མུ་མཐུད་གསུང་དོན། “ད་ལྟའི་ཆར་ཆོས་ལུགས་རིས་མེད་ཀྱི་སྐད་ཆ་ཤུགས་ཆེན་པོ་རེད། ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ནང་ཁྲིམས་བཟོའི་རིང་ལུགས་ལ་ཆོས་ཀྱིས་ཇུས་ཏོག་བྱས་ཆོག་གི་རེད་དང་མ་རེད་དྲི་བ་ཆེན་པོ་རེད་”ཅེས་རྒྱ་གར་ཡང་ཁོང་ཚོའི་རྩ་ཁྲིམས་ཀྱི་སྔོན་གླེང་ནང་བྲིས་པ་བཞིན་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཆགས་མེད་སྐོར་གསུངས་སོང་།
རིན་པོ་ཆེས་མུ་མཐུད་ལོ་༢༠ སྔོན་དང་ད་ལྟ་ཁོང་གི་བསམ་ཚུལ་མི་འདྲ་བའི་སྐོར་གསུང་དོན། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་བཟོ་བའི་སྐབས་དང་། དེའི་གཡས་གཡོན་གྱི་དུས་ཚོད་ནང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལག་ལེན་བསྟར་བཞིན་པའི་མང་གཙོའི་ལམ་སྲོལ་དེ་ཚད་དང་ལྡན་པའམ་ཡང་དག་པའི་མང་གཙོ་ཆགས་ཀྱི་ཡོད་པ་མ་རེད་ཅེས་གསུང་མཁན་མང་པོ་རེད། རྒྱུ་མཚན་གཅིག་དེ་ཆོས་སྲིད་ཟུང་འབྲེལ་ཐོག་ཏུ་སོང་ན། མང་གཙོའི་རིང་ལུགས་ཚད་ལྡན་ཡོང་གི་མེད་པ་དང་། མང་གཙོ་ཚད་ལྡན་ཡོང་བ་ལ་ཆོས་ལུགས་རིས་མེད་ངེས་པར་དུ་དགོས་ཀྱི་ཡོད་པའི་ལྟ་ཕྱོགས་ཡོད་རེད། ལོ་༢༠ སྔོན་ངས་དེ་ལ་བརྒྱ་ཆ་བརྒྱ་འདོད་མོས་བྱེད་ཀྱི་མེད་ནའང་། ཅིག་བྱས་ན་དེ་ལ་རྒྱུ་མཚན་ཡོད་རེད་བསམ་གྱི་ཡོད། གཉིས་པ་དེ་ཆབ་སྲིད་ཀྱི་ཚོགས་པ་མང་པོ་མེད་ན་མང་གཙོ་ཡང་དག་པ་ཡོང་ཐབས་ཡོད་པ་མ་རེད་ཅེས་བཤད་མཁན་མང་པོ་རེད། དེའི་སྐབས་ངས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་ན། བོད་པའི་མང་གཙོའི་འཕེལ་རིམ་ལ་ཏན་ཏན་ཞབས་འདེགས་ཆེན་པོ་འགྲུབ་ཀྱི་རེད་བསམ་མྱོང་། ཡིན་ཡང་རིམ་པས་སློབ་སྦྱོང་དང་མཉམ་མྱོང་བསག་པའི་སྐབས། ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་དེ་ཐོག་མ་ཤར་གླིང་ཨེ་ཡའི་ནང་མང་གཙོ་འགྲོ་མཁན་མང་པོར་ལམ་ལྷོང་བྱུང་ཡོད་པ་མ་རེད། ཐོག་མར་ནུབ་ཕྱོགས་ཀྱི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ནང་ཕན་ཐོགས་དང་ལམ་ལྷོང་བྱུང་ཡོད་རེད་བསམ་གྱི་འདུག ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཆབ་སྲིད་ཚོགས་པ་གཉིས་ཀྱི་ནང་གདམ་ཀ་དང་། ཆབ་སྲིད་ཚོགས་པ་མང་པོ་ཡོད་པ་གཉིས་ཀར་ཚོད་ལྟ་བྱས་ཟིན་པའི་གནས་སྐབས་ཤིག་རེད། ཆབ་སྲིད་ཀྱི་ཚོགས་པ་གཅིག་གིས་བཟུང་བའི་ཡུལ་ཁམས་ཤིག་ཡིན་ན། དེ་མང་གཙོ་མ་རེད་ཅེས་བཤད་རྒྱུ་སྟབས་བདེ་པོ་རེད། གཅིག་སྡུད་དབང་འཛིན་གྱི་རིང་ལུགས་ཡིན་པ་གསལ་པོ་རེད། ཡིན་ནའང་ཆབ་སྲིད་ཀྱི་ཚོགས་པ་གཉིས་དང་གཉིས་ལས་མང་བ་མེད་ན་མང་གཙོའི་རིང་ལུགས་ཡང་དག་པ་ཡོང་གི་མ་རེད་ཅེས་པ་དེ་དཔྱད་གཞི་རེད་”ཅེས་གྷན་དི་རྗེ་ཡིས་ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་གྲོས་ཚོགས་ལམ་ལུགས་དེ་ཡང་དག་པའི་མང་གཙོ་ཡོང་ཐབས་མེད་སྐོར་གསུངས་ཡོད་པ་དང་། བོད་པའི་ན་གཞོན་ཚོས་གྷན་དི་ཡི་རྩོམ་ཡིག་ཁག་ལ་མོས་མཐུན་བྱེད་ཐུབ་མིན་ལ་མ་ལྟོས་པར། ལྟ་ཀློག་དགོས་པ་གལ་ཆེན་ཡིན་སྐོར། ཚོགས་པ་ཐོག་ནུས་ཤུགས་འདོན་པ་ཆེ་དྲགས་ན་རྒྱལ་ཁབ་གྱོང་རག་གི་ཡོད་སྐོར་གསུངས་སོང་།
ཁོང་གིས་མང་གཙོའི་གལ་གནད་སྐོར་གསུང་དོན། “མང་གཙོའི་གལ་གནད་གཅིག་དེ་མི་རེ་ངོ་རེ་ནས་མི་རིགས་དང་སྤྱི་ཚོགས་ལ་འགན་ཁུར་དགོས་པ་རེད། མ་འོངས་པའི་ལོ་བརྒྱའི་ནང་བོད་ནང་གནས་བབས་ག་འདྲ་ཆགས་ཀྱི་རེད། རྒྱ་ནག་ག་འདྲ་འགྲོ་ཡི་རེད། བོད་པའི་མ་འོངས་མདུན་ལམ་ཐོག་གོམ་བགྲོད་ག་འདྲ་བྱེད་ཀྱི་རེད། མ་འོངས་པའི་ལོ་སྟོང་ཕྲག་མང་པོ་མ་བྱུང་ནའང་། ལོ་བརྒྱ་ཡི་བར་དུ་ཚོད་དཔག་དང་། མཐོང་སྣང་། འཆར་སྣང་བཟོ་མཁན་དཀོན་པོ་ཡིན་པ་ངས་ཚོར་གྱི་འདུག མང་ཆེ་བས་ལོ་གསུམ། བཞི། ལྔ། ལོ་ལྔའི་ནང་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀར་འགྱུར་བ་ཞིག་འགྲོ་ཡི་ཡོད་པས། དེ་ཙམ་གྱི་ཚོད་དཔག་ཐོག་ང་ཚོ་བསྡད་ནས། དེ་ལས་རྒྱང་མིག་གཟིགས་མ་ཐུབ་ན་ང་ཚོར་དཀའ་ངལ་འཕྲད་ཀྱི་རེད་”ཅེས་མ་འོངས་པར་མང་གཙོ་གལ་ཆེན་པོ་ཡིན་ན། མཐུན་སྒྲིལ་གལ་ཆེན་པོ་ཡིན་སྐོར་དང་། ཆབ་སྲིད་ཚོགས་པས་ལས་འགན་དང་ཐོབ་ཐང་གཉིས་ནས། ལས་འགན་གལ་ཆེན་དང་། ཚོགས་པ་དང་མི་རིགས་གཉིས་ནས། མི་རིགས་གལ་ཆེན་པོར་བརྩི་བ། འཕྲལ་དང་ཕུགས་གཉིས་ནས་ཕུགས་གལ་ཆེན་པོར་བརྩི་དགོས་སྐོར་གསུངས་སོང་།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་༡༩༩༤ ལོའི་ཕྱི་ཟླ་༩ པའི་ནང་ཆབ་སྲིད་ཚོགས་པ་ཞིག་གི་ངོ་བོར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འཛུགས་བྱས་པ་ཞིག་ཡིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཚོགས་པའི་གཞུང་འཛིན་རྒྱུའི་ལམ་ལུགས་མེད་པ་རེད། ད་ལྟའི་ཆར་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་༣༥ ཙམ་ལ་ས་གནས་ཀྱི་མང་གཙོ་ཚོགས་པ་བཙུགས་ཡོད་འདུག །