བོད་དོན་རྒྱབ་སྐྱོར་ལ་གཞུང་ལས་མི་མང་འཚོལ་རྒྱུ་གལ་ཆེན་པོ་རེད།
འདི་ལོ་ནི་རྒྱ་གར་དབྱིན་ཇིའི་འོག་ཏུ་ཡོད་པའི་གཞུང་དང་བོད་གཞུང་དབར་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་༡༠༠ འཁོར་བའི་ལོ་ཡིན་པས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲོག་འོག དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭ་རུ་ཆིངས་ཡིག་དེའི་སྐོར་ལ་ཆེད་མཁས་པས་མི་མང་ལ་གཏམ་བཤད་གནང་ཡོད་པ་རེད།
འདི་ལོ་ནི་རྒྱ་གར་དབྱིན་ཇིའི་འོག་ཏུ་ཡོད་པའི་གཞུང་དང་བོད་གཞུང་དབར་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་༡༠༠ འཁོར་བའི་ལོ་ཡིན་པས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲོག་འོག དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭ་རུ་ཆིངས་ཡིག་དེའི་སྐོར་ལ་ཆེད་མཁས་པས་མི་མང་ལ་གཏམ་བཤད་གནང་ཡོད་པ་རེད།
དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན། རྒྱ་གར་མི་རིགས་ཇཱོ་སི་ནཱས་(Jyotsna Sara George) བགྲོ་གླེང་དེ་འཚོགས་དགོས་པའི་ངོ་སྤྲོད་གནང་བ་དང་། དབྱིན་ཇི་རྒྱལ་ས་ལོན་ཌོན་གྱི་Westminster གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རྒྱ་གར་མི་རིགས་དྷི་བྷི་ཤི་(Dibyesh Anand) དང་། བོད་མི་མང་སྤྱི་འཐུས་བློ་བཟང་ཡི་ཤེས། བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་བཅས་ཀྱིས་ཆིངས་ཡིག་འདིའི་ཁྱད་ཆོས་དང་ད་ལྟའི་ཆར་འབྲེལ་བ་གང་ཡོད་མེད་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
སྐབས་དེར་སློབ་དཔོན་དྷི་བྷི་ཤིས་(Dibyesh Anand) ཐོག་མ་རྒྱ་ནག་དང་རྒྱ་གར་ལ་ཡོད་པའི་དབྱིན་ཇི་གཞུང་། དེ་བཞིན་བོད་བཅས་རྒྱལ་ཁབ་གསུམ་གྱི་དབར་གྲོས་བསྡུར་བྱས་པའི་ཆིངས་ཡིག་འདི། ༡༩༡༤ ལོའི་ཕྱི་ཟླ་༣ པའི་ཚེས་༢༤། ༢༥ ཉིན་དབྱིན་ཇི་དང་བོད་བར་བཞག་པའི་ཆིངས་ཡིག་ཞིག་ཆགས་པའི་རྒྱབ་ལྗོངས་དང་། ཆིངས་ཡིག་དེར་རྒྱལ་སྤྱིའི་མཁས་པ་ཚོས་ངོས་འཛིན་གནང་ཕྱོགས་དང་མི་མང་དཀྱུས་མ་ཚོས་མཁྱེན་དགོས་པའི་གནད་དོན་བཅས་ངོ་སྤྲོད་གནང་བ་དང་། ཁོང་གིས། “ཆིངས་ཡིག་འཇོག་རྒྱུ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་མ་གཏོགས་དབང་ཆ་མེད་སྟབས། ཆིངས་ཡིག་འདིས་རྒྱལ་སྤྱིར་ངོ་སྤྲོད་ངོ་སྤྲོད་བྱ་ཐུབ་རྒྱུ་གཅིག་ནི། བོད་འདི་ལོ་རྒྱུས་ཐོག་དུས་དེར་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་དཔང་རྟགས་རེད་”ཅེས་གསུངས་སོང་།
ཡང་ཁོང་གིས་“སྐབས་དེར་རྒྱ་གར་ལ་ཡོད་པའི་དབྱིན་ཇིའི་གཞུང་དང་དེའི་རྗེས་སུ་རྒྱ་གར་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་དུས་རྟག་ཏུ་རྒྱ་ནག་ལ་ཕོག་ཐུག་མ་བཏང་བའི་ཐོག་བོད་ལ་སོ་སོའི་དབང་ཆ་དང་ཤུགས་རྐྱེན་བེད་སྤྱོད་བྱ་ཐབས་བྱས་ཡོད་པ་རྣམས་ངོ་སྤྲོད་གནང་བ་མ་ཟད། སྐབས་རེ་བོད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་དང་། ཡང་སྐབས་རེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལྟ་བུར་ལྟ་བའི་གནས་སྟངས་མང་པོ་བྱུང་ཡོད་ཀྱང་། སིམ་ལའི་ཆིངས་ཡིག་ཙམ་མ་ཟད། མཱན་མོ་ཧན་ས་ཐིག དེ་བཞིན་རྒྱ་གར་དང་རྒྱ་ནག་བར་གྱི་བོད་ས་ཐོག་གི་ཚོང་འབྲེལ་སྐོར་གྱི་ཆིངས་ཡིག་དོན་ཚན་ལྔ་(Panchsheel) (རྒྱ་ནག་དང་རྒྱ་གར་གྱི་ཆིངས་ཡིག་བཞག་པའི་ནང་བོད་ཀྱི་མིང་བེད་སྤྱོད་བཏང་བ་མཐའ་མ་དེ་ཡིན་འདུག)བཅས་ཚང་མའི་ནང་བོད་གསལ་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག འཛམ་གླིང་མི་མང་ཚོས་བོད་མི་རྣམས་མི་རིགས་མ་འདྲ་བ་ཞིག་ལ་ངོས་འཛིན་ཞུས་པའི་ཐོག སོ་སོའི་གཞུང་ལ་བོད་དོན་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་བྱེད་རྒྱུའི་ལས་འགན་ཡོད་པ་རེད་པ་རེད།
དེ་བཞིན་ཁོང་གིས་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་ཁེ་ཕན་ལྟ་རྒྱུ་རེད། རྒྱ་གར་ཡིན་ནའང་བོད་དོན་ཆེད་རྒྱ་ནག་ལ་ཁ་གཏད་གཅོག་གི་མ་རེད་ལ། རྒྱ་ནག་ཁ་བཙུམ་ཆེད་དུ་ཡང་བོད་པ་བེད་སྤྱོད་གཏོང་ཁག་པོ་རེད། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཡར་ཐོན་ཅན་གྱི་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཡོད་མཁན་དེ་ཚོས་ཀྱང་རྒྱ་ནག་ལ་འབྲེལ་ལམ་བཟུང་ཚར་རེད། དཔེར་ན་ནོར་ཝེ་རྒྱལ་ཁབ་ཡིན་ནའང་། སྔོན་མ་བོད་དོན་རྒྱབ་སྐྱོར་ཅུང་ཡོད་པ་དེ་ཡང་ད་ལྟ་ཕྱིར་འཐེན་ཚར་པ་ཞིག་རེད། ཁོང་ཚོ་འདོད་པ་ཁེངས་ཚར་བ་ཡིན་པས། བོད་དོན་ཆེད་གཞུང་སུ་ལ་ཡིད་ཆེས་གང་ཡང་བྱེད་ཀྱི་མེད་སྐོར་དང་། མི་མང་གལ་ཆེན་པོ་ཡིན་པ་དང་། མི་མང་ལ་ཁོང་གིས་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།
དེ་བཞིན་ཁོང་གིས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པས། བོད་དོན་གྱི་མཐའ་མའི་ཐག་གཅོད་དེ་རང་བཙན་དང་། རྒྱ་འོག་ཏུ་འདུག་རྒྱུ་གང་ཡིན་བོད་མི་རང་ལ་ཐག་གཅོད་བྱེད་རྒྱུའི་དབང་ཆ་དེ་དགོས་པ་ལས། རྒྱ་ནག་དང་། རྒྱ་གར་སོགས་གཞུང་སུ་ལ་དབང་ཆ་ཡོད་པ་མ་རེད་ཅེས་གསུངས་སོང་།
བོད་མི་མང་སྤྱི་འཐུས་བློ་བཟང་ཡི་ཤེས་ཀྱིས་བོད་མི་ཞིག་གིས་ངོས་ནས་ཆིངས་ཡིག་དེར་ལྟ་ཚུལ་དང་འབྲེལ་བའི་སྐོར་གསུང་བཤད་གནང་སྐབས། ཁོང་གིས་རང་ཉིད་ནས་ཞྭ་སྒབ་པ་གཙོས་དབྱིན་ཇི་དང་རྒྱ་གར་གྱི་ལོ་རྒྱུས་མཁས་པ་མང་པོའི་རྩོམ་དེབ་ལ་གཞིགས་པའི་ཐོག་དཔྱད་ཞིབ་གནང་བཞིན་ཡོད་སྐོར་གསུངས་སྐབས། སིམ་ལའི་ཆིངས་ཡིག་འཇོག་སྐབས་དུས་ཡུན་ཟླ་བ་དགུ་ཙམ་འགོར་བའི་རྗེས་སུ་ཐག་གཅོད་བྱུང་བའི་གནད་དོན་དང་། བོད་ཀྱི་སྐུ་ཚབ་བློན་ཆེན་བཤད་སྒྲ་སོགས་ཀྱིས་བོད་རང་བཙན་ཡིན་པ་ཁུངས་སྐྱེལ་དང་། མཚོ་སྔོན་དང་དར་རྩེ་མདོ་ཡར་ཟུང་བོད་ཀྱི་ས་ཁོངས་ཡིན་པ་སྐོར་ར་སྤྲོད་བྱས་ཡོད་སྐོར། རྗེས་སུ་རྒྱ་ནག་སྐུ་ཚབ་ཀྱིས་མཐའ་མའི་ཐག་གཅོད་ཀྱི་ཆིངས་ཡིག་ཐོག་ས་རྟགས་མ་བརྒྱབ་པའི་བརྒྱུད་རིམ། དེ་རྗེས་དབྱིན་གཞུང་དང་བོད་གཞུང་བར་ཆིངས་ཡིག་དེ་བཞག་ཡོད་སྐོར་ངོ་སྤྲོད་གནང་སོང་།
རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཀྱིས། དེང་སྐབས་སིམ་ལའི་ཆིངས་ཡིག་དང་མཱ་མོ་ཧན་ས་ཐིག ཆིང་ཡིག་དོན་ཚན་ལྔ་(Panchsheel) བཅས་ཀྱི་སྐོར་གླེང་སློང་བྱེད་སྐབས། བོད་ཀྱི་གནད་དོན་རྩ་བ་ནས་གླེང་སློང་བྱེད་ཀྱི་མེད་པ་དེས། དཀའ་རྙོག་དེ་དག་སེལ་ཐུབ་ཀྱི་མེད་པ་དང་། ད་དུང་ཨ་རུ་ན་ཅལ་གྱི་རྩོད་རྙོག་དེའང་བོད་ཀྱི་གནད་དོན་མ་གླེང་བའི་ཐོག་སེལ་ཐབས་རྩ་བ་ནས་མེད་པའི་གནས་སྟངས་ཤིག་རེད་ཅེས་གསུངས་པ་དང་། རྒྱ་དཀར་ནག་གཉིས་ནས་བོད་ཀྱི་དཀའ་རྙོག་སེལ་དོད་ཡོད་ན། བོད་མིའི་གཞོན་སྐྱེས་ཚོའི་སེམས་འཚོར་དང་དགོས་འདུན་ལ་ངེས་པར་དུ་བསམ་ཤེས་དགོས་སྐོར་བཅས་གསུངས་སོང་ལ། བོད་ཀྱི་འཐབ་རྩོད་འདི་ད་ལྟ་༧གོང་ས་མཆོག་གི་དགོངས་གཞི་ལྟར་འཚེ་མེད་ཞི་བའི་ཐོག་འགྲོ་ཡི་ཡོད་ནའང་། མ་འོངས་པར་ཤུགས་ཆེ་རུ་འགྲོ་སྲིད་པ་ཡིན་སྐོར་ཡང་འགྲེལ་བརྗོད་གནང་སོང་།
མཇུག་ཏུ་མི་མང་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད། རྒྱ་གར་དབྱིན་གཞུང་དང་བོད་གཞུང་གི་བར་བཞག་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་དེ་བཞག་ནས། ལོ་བརྒྱ་འཁོར་གྱི་ཡོད་པས། བོད་མིའི་སྒྲིག་འཛུགས་དང་། ཚོགས་པ་ཁག མི་སྒེར་པ་བཅས་ཀྱིས་ཆིངས་ཡིག་དེའི་སྐོར་ལ་བགྲོ་གླེང་དང་བསྐྱར་ཞིབ་མང་པོ་བྱེད་ཀྱི་ཡོད་པ་རེད།