དོལ་རྒྱལ་བ་ཚོའང་མི་ཡིན།
འདོད་རྔམ་རང་ལུགས་ཀྱི་གཡའ་རྩི་མ་དག་པའི་དེང་གི་སྤྱི་ཚོགས་སུ་རང་ཉིད་དང་རང་གི་ཁེ་ཕན་གྱི་ཆེད་དུ་ཅི་ཡང་བྱེད་སྲིད་པ་ནི་རྒྱུན་ལྡན་ལྟར་སྣང་ལ། བྱེད་བཞིན་པའང་མང་དུ་མཐོང་། དེ་དག་ལས་གཅིག་ནི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་ཕྱི་སྡོད་བོད་པ་ཉུང་ཤས་ཤིག་དང་།
སེར་ཤུལ་རིན་ཆེན་དོན་གྲུབ།
ཏང་དང་དོལ་ཚོགས།
འདོད་རྔམ་རང་ལུགས་ཀྱི་གཡའ་རྩི་མ་དག་པའི་དེང་གི་སྤྱི་ཚོགས་སུ་རང་ཉིད་དང་རང་གི་ཁེ་ཕན་གྱི་ཆེད་དུ་ཅི་ཡང་བྱེད་སྲིད་པ་ནི་རྒྱུན་ལྡན་ལྟར་སྣང་ལ། བྱེད་བཞིན་པའང་མང་དུ་མཐོང་། དེ་དག་ལས་གཅིག་ནི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་ཕྱི་སྡོད་བོད་པ་ཉུང་ཤས་ཤིག་དང་། དེའི་འབྲེལ་ཡོད་ཀྱི་ཕྱི་རྒྱལ་བ་ཁག་ཅིག་གི་བྱེད་སྟངས་མངོན་གསལ་བ་དག་རེད། ཁོང་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་ཏང་གི་བཀའ་གསུང་དང་ལེན་གྱིས་རང་གི་འཚོ་ཐབས་ཡར་རྒྱས་གཏོང་བཞིན་པ་དང་། ཏང་གི་ཁོང་ཚོར་སྤྲད་པའི་ལས་འགན་ཉག་གཅིག་ནི་༸གོང་ས་མཆོག་དང་ཁོང་གི་མཛད་འཕྲིན་ལ་དམའ་འབེབས་དང་། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་བྱེད་རྒྱུ་དེ་རེད། ᨮᨕᩏ་᫄ᨕ་ᩧᩏ་᩶ᩏ་འབྲེ་᪠་ᨕ᩶་པ་ནི་ཁོང་ཚོས་ཚོགས་འདུའི་སྐབས་སུ་དོལ་རྒྱལ་ཚོགས་མི་བསྟན་འཛིན་རྒྱ་མཚོ་ཟེར་བས་“ང་ཚོས་ཀྲུང་གོ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གང་བཤད་པ་དེ་ཉན་དགོས་རེད”ཅེས་སྐད་གསང་མཐོན་པོས་བསྒྲགས་པ་མཐོང་ཆོས་སུ་ཡོད་པ་འདི་དང་། དོལ་རྒྱལ་ཚོགས་མི་གང་མང་ཞིག་རྒྱ་ནག་ཏུ་སོང་ནས་རྒྱ་མིའི་པཎ་ཆེན་དང་མཇལ་འཕྲད་བྱེད་པ་སོགས་ཀྱི་བྱེད་སྟངས་སྣ་ཚོགས། ཐ་ན་དོལ་ཚོགས་ཀྱི་མི་དཀྱུས་མ་ཞིག་ཡིན་ཀྱང་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་ཁོང་ཚོར་དམིགས་བསལ་ལམ་ཡིག་ཞུ་སྟངས་ཡོད་པ་ཁོ་བོས་དངོས་སུ་མཐོང་ཞིང་། ད་དུང་ཁོང་ཚོས་ང་ཚོའི་རྒྱབ་ལ་སྟོབས་ཆེན་རྒྱལ་ཁབ་ཡོད་ཅེས་རྫིག་རྫིག་བྱེད་པ་རྒྱུན་ལྡན་ལྟར་གྱུར་ཡོད་པ་སོགས་ལས་ཀྱང་ཤེས་ཐུབ་པ་ཞིག་རེད།
ཁོང་ཚོས་༸གོང་ས་མཆོག་གིས་ཆོས་དད་རང་དབང་འགོག་ཚུལ་དང་། སྐྱག་རྫུན་བཤད་རབས་སོགས་བརྗོད་དེ་༸གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ཏུ་གདན་ཞུས་ཀྱིས་ཆེད་ཕེབས་བྱེད་སྐབས། མི་ཉུང་ཤས་རེ་སྒྲིག་འཛུགས་བྱས་ནས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་གྱི་ཡོད། དོན་དངོས་ཐོག་ཁོང་ཚོས་བརྗོད་བཞིན་པ་དག་གཞི་མེད་དང་རྫུན་བཟོ་ཁོ་ན་ཡིན་པ་ནི། ལོ་རྒྱུས་དང་བདེན་དོན་གྱིས་དཔང་པོ་བྱས་ཡོད་ལ། ཉེ་ཆར་སྤེལ་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསལ་བཤད་ལན་འདེབས་དང་། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་བདུན་པའི་སྐབས་སུ་སྤྱི་འཐུས་རྣམ་པས་གནང་བའི་གསལ་བཤད། ཚོགས་དུས་དེའི་ཐོག་ཏུ་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གི་དོལ་རྒྱལ་བའི་སྐོར་གྱི་གསལ་བཤད། སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་གནང་བའི་ཡིག་ཆ་ཁག་ལས་ཀྱང་གསལ་བོར་བསྟན་ཡོད། (ཡིག་ཆ་འདི་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་རུ་གསལ)དེ་ལས་ཀྱང་དཔང་རྟགས་གསལ་ཤོས་ཤིག་ནི། ཕྱི་ལོ་༡༩༩༨ ཟླ་༦ ནང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྟོག་ཞིབ་བརྒྱུད་དོལ་རྒྱལ་ཚོགས་པས་བོད་མིའི་སྒྲིག་འཛུགས་ལ་ཉེས་འགེལ་བྱས་པ་དེ་དག་མ་ཉེས་ཁག་གཡོག་ལས་ཁུངས་སྐྱེལ་དང་། དཔང་རྟགས་གང་ཡང་མེད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། ཕྱི་ལོ་༢༠༡༠ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁྲིམས་ཁང་ཆེ་བས་འཇམ་མགོན་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་ལ་མི་ཕྱེད་དད་སྟོབས་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁྲིམས་གཏུག་བྱས་པ་དེ་གཞི་འཛིན་ས་དང་རྒྱུ་མཚན་གང་མེད་པས་རྩིས་མེད་བཏང་ཡོད་པ་འདི་ཡིན། དོན་དངོས་སུ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཁོ་ཚོར་ཆོས་དད་བཀག་འགོག་དང་བརྙེས་བཅོས་བྱེད་ཀྱི་ཡོད་ན་ཁྲིམས་ཀྱི་མདུན་སར་ཁོང་ཚོ་ཕམ་དགོས་དོན་ཅི་ཡང་མེད། ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་ཚོར་ཕྱི་བསྐྱོད་ལག་འཁྱེར་གྱི་རྒྱབ་གཉེར་ཡིག་ཆ་གནང་བ་ལ་བརྟེན་ནས་ཁོང་ཚོ་ཕྱི་རྒྱལ་དུ་འགྲོ་ཐུབ་པ་བྱུུང་ཡོད་པ་དང་། ༸ᨵᨕᩏ་ས་མཆོག་གིས་ནུབ་ཕྱོགས་སུ་སྤེལ་བའི་ནང་ཆོས་འཆད་འཁྲིད་ཀྱི་མཛད་འཕྲིན་ལ་བརྟེན་ནས་ཁོང་ཚོར་ཆོས་ཚོགས་འཛུགས་ཐུབ་བྱུང་བ་དང་། རྒྱུད་རིམ་འདི་དག་ནས་ཁོང་ཚོར་གཞི་མེད་སྐྱོན་བརྗོད་བྱེད་པའི་གོ་སྐབས་རག་པ་ཡང་མངོན་གསལ་ཡིན།
དོལ་ཞེན་དང་རིགས་ཞེན།
དོལ་རྒྱལ་བ་ཚོ་ལ་དོལ་རྒྱལ་བསྟེན་གསོལ་བྱེད་མི་ཆོག་པའི་བཀའ་ཁྲིམས་ཤིག་༸གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ནམ་ཡང་གནང་མྱོང་མེད་པར་མ་ཟད། རང་ཉིད་སུ་ཞིག་ལ་སྐྱབས་སུ་འགྲོ་མིན་ནི་རང་ཉིད་ཀྱི་རང་དབང་ཡིན་པར་༸གོང་ས་མཆོག་གིས་སྔ་ཕྱིར་ནན་གསུང་གནང་ཡོད། ཉེ་ཆར་ཏེ་ཕྱི་ལོ་༢༠༡༤ ཟླ་ ༥ ཚེས་ ༡༠ ཉིན་ནོར་ཝེ་རུ་གནང་བའི་བཀའ་སློབ་ཏུ“ཁ་སེང་ནོར་ཝེ་རུ་དོལ་རྒྱལ་རྗེས་འབྲང་པ་ཚོ་ཧ་ཅང་ངར་པོ་བྱས་ཏེ་བསླེབས་འདུག ངར་སྐྱག་རྫུན་མ་ཤོད། ཅེས་ཟེར་གྱི་འདུག ངོས་ནས་སྐྱག་རྫུན་ཤོད་ཀྱི་མེད། དངོས་གནས་བྱས་ན་ཁོ་ཚོས་སྐྱག་རྫུན་བཤད་པ་མ་གཏོགས་ངོས་ཀྱི་སྐྱག་རྫུན་བཤད་མེད། གང་ལྟར་ལོ་རྒྱུས་རིང་པོ་ཡོད་པའི་རྙོག་གྲ་ཞིག་རེད། དང་པོ་དེར་དོལ་རྒྱལ་བསྟེན་ན་སྐྱོན་ཡོད་པ་དེ་ངོས་རང་གི་ལོ་རྒྱུས་དང་འབྲེལ་ནས་ཤོད་རྒྱུ་འདི་ངོས་ཀྱི་ལས་འགན་རེད། བཤད་ནས་ཉན་མ་ཉན་སོ་སོའི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་ངོས་ཀྱིས་བཤད་པ་དེ་ཉན་དགོས་རེད་ཅེས་བརྗོད་ཀྱི་མེད།”ཅེས་གསུངས་ཡོད་ལ། “ཉན་དང་མི་ཉན་སོ་སོའི་འདོད་པ་རེད་”ཟེར་བའི་གདམ་ག་འདི་ནི་༸གོང་ས་མཆོག་གིས་དོལ་རྒྱལ་སྐོར་ཐོག་མ་བཀའ་གནང་བ་ནས་ད་བར་རྒྱུན་སྐྱོང་གནང་བའི་གདམ་ག་ཞིག་ཡིན། ད་སྐབས་ཀྱང་རྒྱ་གར་དང་། བལ་ཡུལ། ཡོ་རོབ། ཨ་རི་སོགས་སུ་དོལ་རྒྱལ་བསྟེན་མཁན་གྱི་ཚོགས་པ་དང་། སྐྱ་སེར་མང་པོ་ཡོད་ལ་ཁོང་ཚོར་སུས་ཀྱང་དོལ་རྒྱལ་བསྟེན་མི་ཆོག་པའི་གནོན་ཤུགས་སྤྲོད་ཀྱི་མེད་པར་ལྷོད་དལ་ངང་བསྡད་ཡོད། གནས་སྟངས་འདིའི་ཐོག་ནས་ལྟ་སྐབས་རྙོག་གྲ་འདི་ནི་དོལ་རྒྱལ་བསྟེན་ཆོག་དང་མི་ཆོག་དང་། དོལ་རྒྱལ་བསྟེན་གསོལ་བྱེད་མི་བྱེད་ཀྱི་གནད་དོན་ཞིག་མ་ཡིན་པར་ཁེ་བཟང་རག་དང་མི་རག་དང་ཁེ་བཟང་གང་ནས་རག་མིན་གྱི་གནད་དོན་ཞིག་རེད། ཁོང་ཚོར་དགོས་པའི་ཁེ་བཟང་ནི་སྒོར་མོ་ཡིན་ལ་རྒྱ་ནག་ལ་དགོས་པའི་ཁེ་བཟང་ནི་༸གོང་ས་མཆོག་དང་བོད་མི་རིགས་ལ་གནོད་སྐྱོན་བཟོ་ཐབས་ལ་འབད་རྒྱུ་དེ་རེད། དགོས་དོན་མ་འདྲ་བ་གཉིས་དང་ཁེ་བཟང་མ་འདྲ་བ་གཉིས་ཀྱི་ཁོང་ཚོ་རྒྱ་ནག་དང་འབྲེལ་བ་ཆགས་ཤིང་། ཆབ་སྲིད་ཀྱི་རྩེད་ཆས་སུ་གྱུར་ཏེ་རིགས་ཞེན་དང་ལ་རྒྱ་དོར་ནས་བོད་དང་བོད་ཀྱི་དབུ་ཁྲིད་དག་ལ་ངོ་ལོག་དང་རྫུན་བཟོས་སྐྱོན་བརྗོད་རེ་ཁུར་ནས་ཁྲོམ་རའི་གར་སྟེགས་སུ་བུད་འོང་གིན་ཡོད། གལ་སྲིད་ཁོང་ཚོ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་སོགས་ལ་འཁོན་འཛིན་དང་སྡང་སེམས་ཡོད་པའི་དབང་དུ་བཏང་ཡང་། རང་ཉིད་བོད་མི་ཞིག་ཡིན་པ་གཏན་བརྗེད་དང་། གཞིས་བཞུགས་རྒྱ་ཆེའི་བོད་རིགས་མི་མང་གི་ལྷག་བསམ་དང་སྙིང་སྟོབས་སོགས་ལ་ཡི་རང་ཙམ་ཡང་མེད་པར་མཐའ་གཅིག་ཏུ་རྒྱ་ནག་དམར་པོའི་གཞུང་གི་རྒྱབ་ཕྱོགས་སུ་ལངས་ཏེ་མདའ་གྲི་མདུང་གསུམ་གྱི་རྩེ་ཁ་༸གོང་ས་མཆོག་དང་བོད་མི་རིགས་ལ་གཏོད་པ་འདི་ནི་ཧ་ཅང་གི་བྱབ་ཆུང་དང་ངོ་ཚ་མེད་པ་ཞིག་ཅི་ལ་མིན། གལ་སྲིད་ཁྱེད་ཅག་གིས་༸གོང་ས་མཆོག་དང་བོད་ཀྱི་དབུ་ཁྲིད་ཚོ་དགྲ་ལྟར་མཐོང་བའི་དབང་དུ་བཏང་ཡང་རང་གི་རྩ་ལམ་ན་རྒྱུ་བའི་ཁྲག་དང་། རང་གི་ཕུ་ནི་མིང་སྲིང་། གཉེན་ཉེ་དུ་སོགས་ཀྱི་ཤ་དང་རུས་པ་བོད་གངས་ཅན་པའི་རྒྱུད་པ་ཡིན་པ་ཇི་ལྟར་བཅོས་ཐུབ་བམ། ཁྱེད་ཅག་གིས་ངེས་པར་དུ་འདི་ལ་བསམ་བློ་ཞིག་གཏོང་རན་རེད་འདུག
གལ་སྲིད་གནད་དོན་འདི་དངོས་གནས་དོལ་རྒྱལ་ལ་དད་སྟོབས་ཆེ་དྲགས་པས་ཡིན་པའི་དབང་དུ་བཏང་ན་ཡང་དོལ་ཞེན་དང་རིགས་ཞེན་བརྗེ་བ་མི་རིགས་ཀྱི་ཞབས་འདྲེན་དུ་བརྩི་འོས་པས་དོལ་རྒྱལ་བསྟེན་པ་ལས་བོད་ཀྱི་དབུ་ཁྲིད་དང་བོད་མིར་གཞི་མེད་སྐུར་འདེབས་དང་། ཁྱད་གསོད་སོགས་ནི་ངེས་པར་དུ་མཚམས་འཇོག་རན་པར་འདུག་གོ །
ལོ་རྒྱུས་དང་ཕྱིར་འཐེན།
ད་ལྟའི་དུས་རབས་འདི་ནི་འཁྱུག་ཙམ་ལ་རྫོགས་འགྲོ་ཞིང་། ཡང་བསྐྱར་དུས་རབས་གསར་བ་ཞིག་གིས་བསུ་བ་བྱེད་འོང་ངེས། རེད་དེ། ལོ་རྒྱུས་ནི་ལོ་རྒྱུས་རང་སྟེ་དུས་ནམ་ཡང་ལོ་རྒྱུས་ཡིན་ལ་དུས་རབས་ནས་དུས་རབས་བརྒྱུད་དེ་མི་རྣམས་ཀྱི་རྣ་བ་དང་སེམས་ཁམས་བརྒྱུད་དེ་གནས་ངེས་ཡིན། དེས་ན་དོལ་རྒྱལ་བ་ཚོས་ཀྱང་རང་གི་ཤ་ཁྲག་རུས་གསུམ་བོད་མིར་སྐྱེས་ཟིན་པ་ཁས་ལེན་ངེས་ཤིང་། རང་ཉིད་བོད་མི་ཞིག་ཡིན་པ་མ་ཟད་རང་གི་བུ་རབས་ཚ་རྒྱུད་ཀྱང་བོད་མི་ཞིག་དང་གངས་ཅན་པ་ཞིག་ཡིན་པ་དེར་བསྙོན་དུ་ག་ལ་ཡོད་དེ་ཁས་མ་ལེན་རང་ལེན་རེད། རང་ཉིད་བོད་པ་ཞིག་ཡིན་པ་ནས་རང་གི་མི་རིགས་དང་། རང་གི་མེས་རྒྱལ། རང་གི་ཆོས་ལུགས། རང་གོམས་སྲོལ་སོགས་ཀྱང་ཡོད་ངེས་ཤིང་། དོན་དངོས་ཐོག་རང་གི་མི་རིགས་དང་དབུ་ཁྲིད་ལ་གནོད་སྐྱོན་ཇི་ཙམ་ཞིག་བྱེད་ཐུབ་ཡོད་མེད་ལ་མ་ལྟོས་པར་རང་ཉིད་སྦྱོར་ངན་དེར་གོམ་པ་སྤོས་པའི་བྱེད་སྟངས་དེ་དག་གིས་རང་རིགས་ཀྱི་མིག་ནང་དུ་རང་གི་མི་རིགས་ཀྱི་ཞབས་འདྲེན་དང་། རྒྱལ་ཚོང་བ། རང་གི་རྩ་བའི་བླ་མར་ངོ་ལོག་མཁན་དང་། རང་གི་མི་རིགས་ཀྱི་དགྲ་བོར་ལག་འབྲེལ་གྱིས་རང་གི་དབུ་ཁྲིད་དང་། རང་གི་མི་རིགས་ལ་དམའ་འབེབ་མཁན་གྱི་མི་སྣ་ཞིག་ཏུ་འགྱུར་བཞིན་ཡོད། འདི་ནི་ཁོང་ཚོས་འདོད་པའི་དགོས་དོན་ཞིག་ག་ལ་ཡིན། ད་དུང་རང་གི་གཉེན་ཉེ་དང་། རང་གི་གྲོགས་པོ་ཕོ་མོ་དང་བཅས་པར་ལོ་རྒྱུས་སུ་ཟིན་ཐོ་ནག་པོ་ཞིག་གི་འགོ་བརྗོད་དུ་འབྲི་བར་ག་ལ་སྤྲོ། གནད་དོན་འདིར་བསམ་གཞིག་གིས་རང་གི་ད་བར་དུ་གང་ཞིག་བྱས་པ་དང་། གང་བྱ་ངེས་པ། གང་གི་ཆེད་དུ་བྱས་པ། གང་ལ་ཕན་ཐོགས་ཡོད་པ་སོགས་ལ་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱས་ཏེ་རང་གིས་རང་ལ་སྡོམ་ཚིག་ཅིག་འཇོག་རན་ཞིང་། རང་གི་བུ་རབས་ཚ་རྒྱུད་དང་། མ་འོངས་པའི་ལོ་རྒྱུས་ལ་འགན་ཁུར་གྱི་འདུ་ཤེས་ཀྱིས་ཁ་ཕྱིར་ལ་འཁོར་ཞིང་ནག་པོའི་ལམ་བུ་དེ་ལས་ཕྱིར་འཐེན་བྱེད་རན།
ཁེ་ཕན་དང་མཇུག་འབྲས།
དོལ་རྒྱལ་བ་ཚོས་འདི་ལྟར་རྒྱ་ནག་དང་ལག་འབྲེལ་བྱས་ཤིང་། ༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་བྱེད་པ་འདིས་བོད་མི་རིགས་དང་། བོད་ཀྱི་ཆོས་རིག་སྲུང་སྐྱོབ། བོད་ཀྱི་མདུན་ལམ་སོགས་ལ་གནོད་པར་འགྱུར་སྲིད་པ་ལས་ཕན་ཐོགས་གང་ཡང་མེད་པ་མ་ཟད། དོལ་རྒྱལ་བ་རང་ཉིད་ལ་ཡང་གནས་སྐབས་ཀྱི་སྒོར་མོའི་ལག་ཡོང་ཏོག་ཙམ་ལས་ཁེ་ཕན་ཆེན་པོ་གང་ཡང་མེད་ཅིང་། རང་ཉིད་ཀྱི་མ་འོངས་པ་དང་། རང་གི་བུ་རབས་ཚ་རྒྱུད་ལ་ཡང་ཕན་ཐོགས་གང་ཡང་མེད་པ་མངོན་གསལ་ཡིན། ༸གོང་ས་མཆོག་ནི་དོན་དམ་པའི་འཛམ་གླིང་གི་དབུ་ཁྲིད་མཆོག་ཏུ་གྱུར་བ་ཞིག་ཡིན་ཞིང་། ཤེས་ཡོན་དང་སྟོབས་འབྱོར་ལྡན་པའི་ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གི་ཤེས་ཡོན་པ་དང་། སློབ་དཔོན། ཆེས་མཐོའི་གཙོ་འཛིན། མི་སེར་དཀྱུས་མ་སོགས་ཀྱིས་གདེང་འཇོག་དང་དགའ་བསུ་ཆེན་པོ་བྱ་སའི་རླབས་ཆེན་དབུ་ཁྲིད་ཡང་དག་པ་ཞིག་ཡིན་ལ། སྔ་ཕྱིར་འཛམ་གླིང་གི་དབུ་ཁྲིད་སྙན་གྲགས་ཆེ་ཤོས་ཀྱི་གྲས་སུ་འདེམས་ཐོན་ཐེངས་མང་བྱུང་ཡོད་ལ་འཛམ་གླིང་འདིའི་ཐོག་གི་ཆེས་མཐོའི་གཟེངས་རྟགས་བརྒྱ་ཕྲག་འབུལ་བཞེས་གནང་ཡོད། ཁོང་ནི་བོད་ཙམ་མ་ཟད་འཛམ་གླིང་མི་མང་གིས་གཙུག་ཏུ་བཀུར་བའི་རླབས་ཆེན་སྐྱེས་མཆོག་འདི་ལྟ་བུ་ཞིག་ཡིན་པས་དོལ་རྒྱལ་བ་འགས་སྐུར་འདེབས་དང་སྐད་འབོད་བྱས་པ་དེས་༸གོང་ས་མཆོག་ལ་གནོད་པ་ལས་ལྡོག་སྟེ་རྒྱུས་ཡོད་དང་ཤེས་ལྡན་པ་ཚོས་དོལ་རྒྱལ་བ་དེ་ཚོས་རང་གི་དབུ་ཁྲིད་ཀྱི་ལེགས་མཛད་ཀྱང་ངོས་འཛིན་ཐུབ་མི་འདུག་ཅེས་ཁོང་དགོད་ཤོར་བཞིན་ཡོད་ངེས་ལ། རྒྱ་ནག་གི་ཕྱོགས་ནས་ཀྱང་ཁྱི་ངན་བདག་པོར་འཇུ་བའི་དཔེ་གཟུགས་ལ་མཚར་ལྟ་བྱེད་བཞིན་ཡོད་ངེས། བོད་མི་རིགས་ལ་མཚོན་ན་རང་གི་དཔྲལ་བའི་མིག་ལྟ་བུའི་༸གོངས་མཆོག་ལ་སྐུར་འདེབས་དང་མཚན་སྨོད་བྱེད་མཁན་དེ་ནི་དུས་ནམ་ཡང་ཐ་ཤལ་བ་དང་། མ་རབས། བོད་མི་རིགས་ཀྱི་ཞབས་འདྲེན་དུ་ལྟ་ངེས་པས་རང་གི་ལས་བྱ་འདི་དག་གིས་མཐར་གཏུགས་ན་རང་ཉིད་དང་རང་གི་བུ་རབས་ཚ་རྒྱུད་གཡང་ས་རུ་འདེད་བཞིན་པའང་དྲན་དགོས་གལ་ཆེ། དོལ་རྒྱལ་བའི་བྱེད་གཏེ་དེ་ཚོའང་མི་ཞིག་ཡིན་པ་མ་ཟད་བོད་མི་ཞིག་ཡིན་པའི་འདུ་ཤེས་ཀྱིས་ངས་དེ་རིང་མི་ཡི་རིན་ཐང་བརྩི་འཇོག་གིས་འདི་ལྟར་བཤད་པ་ཡིན་ལ། དོལ་རྒྱལ་བ་ཚོས་ཀྱང་རང་ཉིད་མི་ཞིག་དང་བོད་པ་ཞིག་ཡིན་པ་མ་བརྗེད་པའི་ཐོག་ནས་བསམ་གཞིག་རེ་བྱེད་པའི་རེ་བྱེད་བཞིན་ཡོད། རྩོམ་ཡིག་འདི་དང་འབྲེལ་བའི་གནད་དོན་རྫོགས་ཀྱི་འགན་ནི་རྩོམ་ཡིག་འདི་འབྲི་བ་བོ་རང་ཉིད་ཀྱིས་ཁུར་ངེས་ཡིན།
༢༠༡༤/༥/༡༥/ ལ་བྲིས།