ཡུལ་མི་གནས་སྤོ་བ་འབུམ་གཅིག་ལྷག་རྒྱ་མཚོའི་ནང་ལུས།
བྷང་ལ་དྷེ་ཤེ་དང་འབར་མ་ནས་ཡོང་བའི་རོ་ཧིན་ཡཱ་ཞེས་པའི་ཁ་ཆེའི་མི་རིགས་ཡིན་པའི་ཡུལ་མི་སྟོང་ལས་བརྒལ་བ། རྒྱ་མཚོ་བརྒྱུད་དེ་སྐྱབས་བཅོལ་ལ་འགྲོ་བའི་སྐབས་རྒྱབ་ཁབ་སུས་ཀྱང་ཁས་ལེན་མ་བྱས་པར་གྲུ་གཟིངས་སྟེང་དུ་ལུས་ཡོད་འདུག
བྷང་ལ་དྷེ་ཤེ་དང་འབར་མ་ནས་ཡོང་བའི་རོ་ཧིན་ཡཱ་ཞེས་པའི་ཁ་ཆེའི་མི་རིགས་ཡིན་པའི་ཡུལ་མི་སྟོང་ལས་བརྒལ་བ། རྒྱ་མཚོ་བརྒྱུད་དེ་སྐྱབས་བཅོལ་ལ་འགྲོ་བའི་སྐབས་རྒྱབ་ཁབ་སུས་ཀྱང་ཁས་ལེན་མ་བྱས་པར་གྲུ་གཟིངས་སྟེང་དུ་ལུས་ཡོད་འདུག
ཕྱི་ཟླ་༥ ཚེས་༢༠ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བྷེན་ཀི་མུན་གྱི་འབོད་སྐུལ་ལ་མ་ལྟོས་པར། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མ་ལི་ཤི་ཡ་དང། ཨིན་ཌོ་ནི་ཤི་ཡ། ཐེ་ལན་ཌི་ཡི་འགོ་ཁྲིད་རྣམས་ཀྱིས། བཟའ་བཏུང་གི་དཀའ་ངལ་རྒྱ་ཆེར་འཕྲད་བཞིན་པའི་གྲུ་གཟིངས་སྟེང་གི་སྐྱེས་པ་དང་བུད་མེད། ཕྲུ་གུ་རྣམས་སྐྱབས་བཅོལ་ལེན་རྒྱུའི་ཁས་ལེན་མ་བྱས་པར། གྲུ་གཟིངས་འགྲུལ་ཚུགས་སུ་འབབ་འཇུག་གི་མེད་པ་མ་ཟད། བྷང་ལ་ངྷེ་ཤེ་དང་འབར་མ་ནས་ཡོང་བའི་ཡུལ་མི་དེ་དག་འགྲུལ་སྐྱོད་མ་ཐུབ་པར་རྒྱ་མཚོའི་ནང་གི་གྲུ་གཟིགས་སྟེང་ལུས་ཡོད་ནའང་། རྒྱལ་ཁབ་དང། ཚོགས་པ། རྒྱལ་སྤྱིའི་ཡུལ་མི་གནས་སྤོ་བའི་ཚོགས་ཁག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་སོགས་སུས་ཀྱང་རྒྱ་མཚོའི་ནང་། རོ་ཧིན་ཡཱ་ཡི་མི་ཡུལ་མི་གནས་སྤོ་བའི་གྲུུ་གཟིངས་ག་ཚོད་ཡོད་མེད་དང། དཀའ་ངལ་སེལ་བའི་ཐབས་ལམ་ཡག་པོ་ཞིག་རྙེད་ཐུབ་ཀྱི་མེད་པ་རེད།
མ་ལི་ཤི་ཡ་རུ་རྒྱལ་ཁབ་གསུམ་པོའི་བར་མགྱོགས་མྱུར་ངང་དཀའ་ངལ་སེལ་ཐབས་ཀྱི་དམིགས་བསལ་ཚོགས་འདུ་ཞིག་འཚོགས་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༢༩ ཉིན་ཐེ་ལེན་ཌི་རུ་བསྐྱར་དུ་ཚོགས་འདུ་ཞིག་འཚོགས་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། ཡིནའང་འབར་མའི་གཞུང་ཕྱོགས་ནས་རོ་ཧིན་ཡའི་མི་སེར་ཐད་ཀྱི་ཚོགས་འདུའི་ནང་མཉམ་ཞུགས་བྱེད་འདོད་མེད་པའི་ལེན་འདེབས་བྱས་ཡོད་པ་རེད།
ཨ་རིའི་གཞུང་གི་མགྲིན་ཚབ་པ་ཞིག་གིས་ད་ལྟའི་ཆར་རྒྱ་མཚོའི་ནང་འཕྲད་བཞིན་པའི་འགྲོ་བ་མིའི་བདེ་རྩའི་རྐྱེན་ངན་གོད་ཆག་དེ་གང་མགྱོགས་སེལ་དགོས་པ་ནི་རྒྱལ་སྤྱིའི་གནད་དོན་ཚབས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང། དཀའ་ངལ་དེ་དག་གི་གཞི་རྩ་དེ་འབར་མར་ཐུག་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག
དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་འགན་ཁུར་བའི་དྲུང་ཆེའི་ལས་རོགས་སྐུ་ཞབས་ཊོམ་མ་ལི་ནོ་སེ་ཀི་ (Tom Malinowski) ཡིས། ཨ་རིའི་སྲིད་གཞུང་ངོས་ནས་གང་ཅིའི་ཐད་རོགས་སྐྱོར་བྱ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། མ་ལི་ཤི་ཡ་དང། ཨིན་ཌོ་ནི་ཤི་ཡ། ཐེ་ལན་ཌི་གསུམ་པོར་མཉམ་ལས་ངང་འཚོལ་སྐྱོབ་ལས་དོན་ལ་གནོན་ཤུགས་དང། གནས་སྤོ་བ་ཚོར་སྐྱབས་བཅོལ་ཐོབ་ཐང་སྤྲོད་དགོས་པའི་རེ་སྐུལ་མུ་མཐུད་བྱེད་བཞིན་ཡོད་ཅིང་། མིའི་ཚེ་སྲོག་སྐྱོབ་རྒྱུ་ནི་གལ་འགངས་ཆེ་ཤོས་ཆགས་ཀྱི་ཡོད་པ་དང། ཕུགས་རྒྱང་རིང་པོའི་ནང་འབར་མའི་རོ་ཧིན་ཡཱའི་མེ་སེར་གྱི་དཀའ་ངལ་རྩ་བ་ནས་མེད་པ་བཟོ་རྒྱུ་དེ་གནད་འགག་ཡིན་སྐོར་བརྒྱུད་ལམ་ཁག་གི་བཅར་འདྲིའི་སྐབས་ལན་འདེབས་བྱས་འདུག
སྤྱིར་རོ་ཧིན་ཡཱ་ཞེས་པའི་མི་རིགས་ནི་འབར་མའི་ནུབ་ཕྱོགས་མངའ་སྡེ་རེ་ཀཱ་ཨིན་ (Rakhine) གྱི་མི་སེར་ཡིན་ནའང་། སྲིད་གཞུང་ངོས་ནས་རྒྱལ་ཁབ་ཀྱི་མི་སེར་ལ་ངོས་འཛིན་བྱེད་བཞིན་མེད་པ་དང་། ཕྱི་ལོ་༢༠༡༢ ལོར་འབར་མའི་ནང་གི་མི་གྲངས་མང་ཤོས་ནང་པ་དང་། སྐད་ཡིག་དང་མི་རིགས་དབྱེ་འབྱེད་སོགས་ཀྱི་གནད་དོན་ལ་བརྟེན་ནས། ལོ་མང་རིང་གྲངས་ཉུང་ཁ་ཆེའི་རོ་ཧིན་ཡཱའི་མི་སེར་བར་རྡབ་འཁྲུག་ཆེན་པོ་ཞིག་བྱུང་སྟེ། མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང། མི་སེར་༡༤༠༠༠༠ ལས་མང་བའི་ཁང་ཁྱིམ་རྩ་སྟོངས་སུ་གྱུར་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོ་ཧིན་ཡཱའི་མི་སེར་༡༠༠༠༠༠ ཙམ་མི་རིགས་དང་ཆོས་ལུགས་ཀྱི་དྲག་སྤྱོད་རྐྱེན་པས་མཚོ་ཐོག་བརྒྱུད་ནས་བྲོས་བྱོལ་དུ་སོང་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
དེ་བཞིན་རོ་ཧིན་ཡཱའི་མི་སེར་༧༠༠༠ ཙམ་བྷང་ལ་དྷེ་ཤེ་ནང་གནས་སྡོད་བྱེད་ཀྱི་ཡོད་ལུགས
་སྲིད་གཞུང་གི་རྩིས་ཐོའི་ནང་གསལ་ཡོད་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་སྤོ་བ་༣༠༠༠༠༠ ཙམ་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།
ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མང་པོས་རྒྱ་མཚོའི་ནང་ལྷག་བཞིན་ཡོད་པའི་གནས་སྤོ་བ་མང་ཤོས་དཔལ་འབྱོར་གྱི་སྐྱབས་བཅོལ་བ་ཡིན་སྐོར་བརྗོད་དེ་ངོས་ལེན་བྱ་འདོད་མེད་པར། གྲུ་གཟིངས་འགྲུལ་ཚུགས་སུ་བཀའ་ཁྲོལ་མེད་པར་འབབ་མི་ཆོག་པའི་གནས་ཚུལ་སྤེལ་ཡོད་འདུག།།
གསར་འགོད་པ་བསྟན་འཛིན་ཟླ་བ།