ཨ་རི་དང་ཡུ་རོབ་ཀྱིས་ཨུ་རུ་སུར་ཉེན་བརྡ།
ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཡུ་རོབ་མནའ་མཐུན་གྱི་འགོ་ཁྲིད་ཚོས་གལ་ཏེ་ཨུ་རུ་སུས་ཡུག་རེན་གྱི་དམག་འཐབ་མཚམས་འཇོག་གྲོས་ཆོད་ལ་བསྐྱར་དུ་རྒྱབ་འགལ་བྱས་ན། ཨ་རི་དང་ཡུ་རོབ་ཕྱོགས་ནས་ཨུ་རུ་སུར་ཉེས་ཆད་ཇེ་དམ་དུ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཡུ་རོབ་མནའ་མཐུན་གྱི་འགོ་ཁྲིད་ཚོས་གལ་ཏེ་ཨུ་རུ་སུས་ཡུག་རེན་གྱི་དམག་འཐབ་མཚམས་འཇོག་གྲོས་ཆོད་ལ་བསྐྱར་དུ་རྒྱབ་འགལ་བྱས་ན། ཨ་རི་དང་ཡུ་རོབ་ཕྱོགས་ནས་ཨུ་རུ་སུར་ཉེས་ཆད་ཇེ་དམ་དུ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
ཉེ་ཆར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་དབྱིན་ཡུལ། ཧྥ་རེན་སི། འཇར་མན། ཨོ་སི་ཁྲུ་ལི་ཡ་བཅས་མནའ་མཐུན་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ཀྱིས་བརྙན་འཕྲིན་ཐོག་ཚོགས་འདུ་འཚོགས་ཏེ། ཡུག་རེན་གྱི་གནད་དོན་ཐོག་ལ་གྲོས་བསྡུར་བྱས་ཡོད་པ་མ་ཟད། རྒྱལ་ཁབ་སོ་སོའི་འགོ་ཁྲིད་ཚོས་ཚོགས་འདུའི་རྗེས་སུ་གསལ་བསྒྲགས་ཀྱང་སྤེལ་འདུག སྤྱིར་ཡུག་རེན་སྲིད་གཞུང་དང་ཡུག་རེན་ཤར་ཕྱོགས་ཀྱི་ཨུ་རུ་སུའི་ཕྱོགས་གཏོགས་བར་དམག་འཐབ་མཚམས་འཇོག་གི་གྲོས་ཆོད་བཞག་སྟེ་བདུན་ཕྲག་གཉིས་ཙམ་ཕྱིན་ཡོད་ཀྱང་། ཡུག་རེན་དུ་དྲག་པོའི་དོན་རྐྱེན་སྔར་བཞིན་རྒྱུན་ཆད་མེད་པ་རེད།
ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨར་ནེ་སི་ཁྲི་ཡིས། སྲིད་འཛིན་ཨོ་བྷ་མས་ཨུ་རུ་སུས་དམག་འཐབ་མཚམས་འཇོག་གྲོས་ཆོད་ལ་བརྩི་འཇོག་མ་བྱས་པར་སྐྱོན་བརྗོད་བྱས་ཡོད་ཅེས་དང་། ཨ་རིའི་དམག་དོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཌེམ་ཕི་སི་(Dempsey) ཡིས་རེས་གཟའ་མིག་དམར་ཉིན་གྲོས་ཚོགས་གོང་མའི་ནང་གཏམ་བཤད་སྐབས་བརྗོད་དོན། ཨ་རིས་མཐའ་གཅིག་ཏུ་ཡུག་རེན་གྱི་དམག་དཔུང་ལ་དྲག་པོའི་གོ་མཚོན་མཁོ་སྤྲོད་དགོས་ངེས་རེད། ཡིན་ནའང་དམག་གི་གོ་མཚོན་གྱི་རོགས་སྐྱོར་དེ་མནའ་མཐུན་རྒྱལ་ཁབ་ཀྱི་རྣམ་པའི་ཐོག་ནས་བྱེད་དགོས། རྒྱུ་མཚན་ནི་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་མཐའ་མཇུག་གི་དམིགས་ཡུལ་དེ་ཨ་རིའི་མནའ་མཐུན་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུ་དེ་རེད།
ཨ་རིའི་སྲིད་འཛིན་ཨོ་བྷ་མས་ད་ལྟ་དངོས་སུ་ཡུག་རེན་ཕྱོགས་ལ་དམག་གི་གོ་མཚོན་མཁོ་སྤྲོད་དགོས་མིན་ཐད་བསམ་བློ་གཏོང་བཞིན་ཡོད་ནའང་། ཨ་རིའི་མནའ་མཐུན་རྒྱལ་ཁབ་ཧྥ་རེན་སི་དང་འཇར་མན་སོགས་ཀྱིས་གལ་སྲིད་ཡུག་རེན་ལ་དྲག་པོའི་གོ་མཚོན་མཁོ་སྤྲོད་བྱས་པ་ཡིན་ན། བྱ་སྤྱོད་དེས་ཤར་ཡུག་རེན་གྱི་ཟིང་འཁྲུག་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་སེམས་འཚབ་འོག སྲིད་འཛིན་ཨོ་བྷ་མས་བཏོན་པའི་གྲོས་འཆར་ལ་རྒྱབ་སྐྱོར་བྱས་མེད་པ་རེད།
ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རེས་གཟའ་མིག་དམར་ཉིན། གལ་སྲིད་ཨུ་རུ་སུས་ཕྱི་ཟླ་༢ པའི་ཚེས་༡༢ ཉིན་གྱི་ཡུག་རེན་སྲིད་གཞུང་དམག་དང་ཨུ་རུ་སུའི་ཕྱོགས་གཏོགས་ཀྱི་དྲག་དམར་བར་དམག་འཐབ་མཚམས་འཇོག་གི་གྲོས་ཆོད་ལ་རྒྱབ་འགལ་བྱས་ན། ཨུ་རུ་སུའི་ཐོག་ལ་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་གཏོང་འདུག
ཡུག་རེན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བརྗོད་པ་ལྟར་ན། ཡུག་རེན་དང་ཨུ་རུ་སུ། ཧྥ་རེན་སི། འཇར་མན་གྱི་འགོ་ཁྲིད་རྣམས་ཀྱིས་ཡུག་རེན་ཤར་ཕྱོགས་སུ་ཁུལ་དུ་ལྟ་ཞིབ་མི་སྣ་མང་པོ་ཆེད་མངགས་ཀྱིས། དམག་མཚམས་འཇོག་གྲོས་ཆོད་ལ་ལྟ་རྟོག་བྱེད་རྒྱུའི་སྐོར་སྤྱི་མོས་བྱུང་ཡོད་པ་རེད། ཡིན་ནའང་གྲོང་ཁྱེར་མཱ་རུའུ་པོལ་(Mariupol) དེ་ཐེངས་རྗེས་མའི་ཨུ་རུ་སུའི་ཕྱོགས་གཏོགས་ཀྱི་དྲག་དམག་གིས་བཙན་བཟུང་གྲ་སྒྲིག་བྱ་རྒྱུའི་གྲོང་ཁྱེར་ཞིག་ཆགས་ཡོད་ཅིང་། རྒྱུ་མཚན་ནི་མཱ་རུའུ་པོལ་གྲོང་ཁྱེར་གྱིས་ལོ་གཅིག་སྔོན་ཨུ་རུ་སུས་ཁི་རི་མཱི་ཡ་གླིང་ཕྲན་བཙན་བཟུང་སྐབས་འགྲོ་ལམ་མཁོ་སྤྲོད་བྱས་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།