ལྷོ་ཀོ་རི་ཡའི་ཨ་རིའི་གཞུང་ཚབ་པ་ཞིག་ལ་གྲིས་བཙུགས།
ལྷོ་ཁོ་རི་ཡའི་རྒྱལ་སར་ཡོད་པའི་སྒྱུ་རྩལ་འཁྲབ་སྟོན་ལྟེ་གནས་ཁང་ཞིག་ཏུ། དྲག་སྤྱོད་པ་ཞིག་གིས་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་ཅིག་ལ་གྲིས་བཙུགས་ཏེ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། སྐབས་དེར་དྲག་སྤྱོད་པས་ཁ་ནས་ཁོ་རི་ཡ་གཉིས་གཅིག་སྒྲིལ་དགོས་པའི་སྐད་འབོད་ཀྱང་བྱས་འདུག
ལྷོ་ཁོ་རི་ཡའི་རྒྱལ་སར་ཡོད་པའི་སྒྱུ་རྩལ་འཁྲབ་སྟོན་ལྟེ་གནས་ཁང་ཞིག་ཏུ། དྲག་སྤྱོད་པ་ཞིག་གིས་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་ཅིག་ལ་གྲིས་བཙུགས་ཏེ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། སྐབས་དེར་དྲག་སྤྱོད་པས་ཁ་ནས་ཁོ་རི་ཡ་གཉིས་གཅིག་སྒྲིལ་དགོས་པའི་སྐད་འབོད་ཀྱང་བྱས་འདུག
ཟླ་འདིའི་ཕྱི་ཚེས་༥ ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་(Soeul) དུ་ནང་རྟེན་གཞི་བྱས་པའི་རིག་གཞུང་གི་ལྷེ་གནས་ཁང་ཞིག་ཏུ་མཛད་སྒོ་ཞིག་འཚོགས་བཞིན་པའི་སྐབས། གློ་བུར་དུ་རང་ལོ་༥༥ ཡིན་པའི་རྒྱལ་ཞེན་ཐལ་སྤྱོད་པ་ཞིག་གིས་ཀོ་རི་ཡའི་མི་སེར་ཞིག་གིས། “ལྷོ་ཀོ་རི་ཡ་དང་བྱང་ཀོ་རི་ཡ་གཉིས་སླར་ཡང་གཅིག་སྒྲིལ་བཟོ་དགོས་པ་དང། དུས་སྐབས་ཀྱི་ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་” སྐད་འབོད་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་ཚབ་པ་སྐུ་ཞབས་མཱཀ་ལི་པཱ་ཌ་ལ་གྲི་ཐེངས་གཉིས་བཙུགས་ཏེ་རྨས་སྐྱོན་བཟོས་ཡོད་འདུག
དྲག་སྤྱོད་པ་དེ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་མ་ཟད་བཀག་ཉར་འོག་འདྲི་གཅོད་བྱེད་བཞིན་ཡོད་འདུག་ལ། ཉེན་རྟོག་པ་ཞིག་གིས་དྲག་སྤྱོད་པའི་མིང་ལ་ཁེམ་ཁི་རྗོན་( Kim Ki-jong) འབོད་ཅིང་། ཕྱི་ལོ་༢༠༡༠ ལོར་ཉི་ཧོང་གི་གཞུང་ཚབ་པ་ཞིག་ལའང་གནོད་འཚེ་བྱས་པའི་ཉེས་མིང་འོག་བཙོན་འཇུག་བྱས་མྱོང་ཡོད་པའི་ངོ་སྤྲོད་བྱས་འདུག
སྐུ་ཞབས་མཱཀ་ལི་པཱ་ཌ་སྨན་ཁང་ནས་བརྟག་དཔྱད་བྱས་རྗེས། ཚེ་སྲོག་ལ་ཉེན་ཁ་གང་ཡང་མེད་ཀྱང། གདོང་པར་རྨས་སྐྱོན་ཕོག་པའི་རྨ་ཁ་དེར་འཚེམ་བུ་༨༠ ཙམ་བཙེམ་དགོས་འཁེལ་ཡོད་སྐོར་སྨན་པས་བརྗོད་འདུག
དེའང་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་ཞིག་གིས་གནས་ཚུལ་དེར་དྲང་བདེན་ཀྱི་གྲི་ཞེས་འགྲེལ་བརྗོད་བྱས་ཡོད་པ་ཙམ་ལས། བྱ་སྤྱོད་དེའི་ཐོག་བྱང་ཀོ་རི་ཡ་དང་འབྲེལ་བ་ཡོད་མེད་ཁ་གསལ་གང་ཡང་བརྗོད་མེད་པ་རེད།
ལྷོ་ཀོ་རི་ཡའི་མི་སེར་ནང་ཤོག་ཁག་ཆུང་ངུ་ཞིག་གིས་ཨ་རི་དམག་དཔུང་ལྷོ་ཁོ་རི་ཡའི་ནང་ཡོད་པའི་རྐྱེན་གྱིས་ཀོ་རི་ཡ་གཉིས་གཅིག་སྒྲིལ་ཐུབ་ཀྱི་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག
དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྐུ་ཞབས་མཱཀ་ལི་པཱ་ཌ་ལ་མྱུར་མགྱོགས་ངང་དྲག་སྐྱེད་ཡོང་བའི་འཚམས་འདྲི་བྱས་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ།