རྒྱ་ནག་ནི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་ཟེར།
ཁ་སང་མི་མང་ཉིན་རེའི་ཚགས་པར་གྱི་ཡན་ལག་གོ་ལའི་དུས་བབ་སྟེང་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་རྒྱ་ནག་ཡིན་ཚུལ་བརྗོད་འདུག
ཁ་སང་མི་མང་ཉིན་རེའི་ཚགས་པར་གྱི་ཡན་ལག་གོ་ལའི་དུས་བབ་སྟེང་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་རྒྱ་ནག་ཡིན་ཚུལ་བརྗོད་འདུག
ཕྱི་ཟླ་༨ པའི་ཚེས་༢༧ ཉིན་རྒྱ་ནག་དམར་ཤོག་གཞུང་འབྲེལ་བརྒྱུད་ལམ་<<མི་མང་ཉིན་རེའི་ཚགས་པར་>>གྱི་ཡན་ལག་<<གོ་ལའི་དུས་བབ་>>སྟེང་། ཁ་བྱང་ལ་“མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡང་སྙིང་སུ་ཡིན་ནམ་”ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་ཅིང་། རྩོམ་པ་པོ་ནི་པེ་ཅིང་ཕྱི་སྐད་སློབ་ཆེན་གྱི་དམར་ཤོག་དྲུང་ཆེ་ཧེ་ཀྲན་ཡིན་པ་རེད།
རྩོམ་ཡིག་འགོ་བཙུགས་མ་ཐག་“ནུབ་ཕྱོགས་ཀྱི་བརྒྱུད་ལམ་ཁག་དང་གཏམ་གླེང་སོགས་ཀྱི་ནང་དུ་ནམ་རྒྱུན་རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་སྐོར་བརྗོད་བཞིན་པ་མ་ཟད། ད་དུང་ནུབ་ཕྱོགས་བརྒྱུད་ལམ་ཁག་གིས་ཧོང་ཀོང་གི་ཁ་གཏད་ཤོག་ཁག་རྒྱལ་ཡོངས་མང་གཙོ་ཚོགས་པ་ཡིན་ཚུལ་བརྗོད་དེ། དམིགས་ཡུལ་ནི་རྒྱ་ནག་དེ་མང་གཙོའི་རྒྱལ་ཁབ་ཀྱི་བང་རིམ་ནས་ཕྱིར་བཏོན་པ་དང་། མི་རྣམས་ཀྱི་ཀླད་པའི་ནང་རྒྱ་ནག་ནི་མང་གཙོའི་རྒྱལ་ཁབ་མ་ཡིན་པའི་རིན་ཐང་ལྟ་ཚུལ་གྲུབ་ཏུ་བཅུག”ཅེས་དང་།
རྩོམ་ཡིག་ནང་མུ་མཐུད་དུ་“དེང་སྐབས་ཀྱི་ནུབ་ལུགས་མང་གཙོའི་རྣམ་པ་ནི་དུས་རབས་༢༡ པའི་ཡར་ཐོན་ཅན་གྱི་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་ལམ་ལུགས་མཚོན་བྱེད་ཅིག་ཡིན་ཞིང་། དེའི་རང་བཞིན་ངོ་མ་སྔར་བཞིན་མ་རྩ་རིང་ལུགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཐབས་ཀྱི་ནུས་པ་ལྡན་པའི་མ་ལག་ཅིག་རེད།”
རྒྱ་ནག་གི་མང་གཙོ་ཆེས་དངོས་ཡོད་དང་འཚམ་པ།
རྩོམ་ཡིག་ནང་བསྟན་དོན། “རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ནི་མང་གཙོ་ལམ་ལུགས་སྡེ་ཚན་གྱི་ཁོངས་སུ་གཏོགས་ཤིང་། རྒྱ་ནག་གི་མང་གཙོ་ལམ་ལུགས་ནི་དངོས་ཡོད་དང་། ནུས་པ་ལྡན་པའི་མང་གཙོ་ཞིག་ཡིན། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་དེང་རབས་རྒྱ་ནག་གི་མང་གཙོ་ལམ་ལུགས་ཡིན་ལ། ལམ་ལུགས་དེ་ལྟ་བུའི་འོག་ང་ཚོའི་མི་མང་འཐུས་མིས་མི་གྲངས་བསྡུར་ཚད་ལ་གཞིགས་ཏེ་འོས་འདེམས་སྐུ་ཚབ་བྱེད་པ་ཙམ་ཡིན་པར། ད་དུང་རྒྱ་ནག་གི་མི་རིགས་ཁག་དང་། རིམ་པ་སོ་སོའི་འཐུས་མི་རྒྱལ་ཁབ་ཀྱི་ལས་དོན་གྲོས་བསྡུར་དང་ཐག་གཅོད་ཀྱི་ནང་དུ་ཞུགས་ཏེ། ལམ་ལུགས་ཀྱི་དུས་སྐབས་འཆར་བཀོད་འོག་རྒྱལ་ཁབ་ཀྱི་འགོ་ཁྲིད་མངོན་དུ་གྱུར་པ་མ་ཟད། རང་རང་གི་ཤེས་འཇོན་གྱི་རྩ་འཛིན་ལ་དཔག་སྟེ་འགོ་ཁྲིད་ཀྱི་དཔུང་ཁག་རེ་རེ་བཞིན་རིམ་པ་སོ་སོའི་འགོ་ཁྲིད་ལས་གནས་ཐོག་ཏུ་ཡར་བཞག་གི་ཡོད།”
རྩོམ་ཡིག་ནང་སྐྱོན་བརྗོད་བྱས་དོན། “རྒྱལ་ཁབ་ཁ་ཤས་ལ་སྤྱིར་མང་གཙོའི་མིང་ཡོད་ཀྱང་། མ་རྩ་དང་ཁེ་ཕན་རུ་ཁག་གི་བཀོལ་སྤྱོད་འོག སྟོབས་ཤུགས་ཅན་གྱི་ཆབ་སྲིད་པའི་ཁྱིམ་རྒྱུད་འགའ་ཤས་ཙམ་གྱི་ནང་ནས་འགོ་ཁྲིད་འདེམས་ཀྱི་ཡོད།”
འོན་ཀྱང་རྩོམ་ཡིག་ནང་། རྒྱ་ནག་གི་མང་གཙོ་ལམ་ལུགས་འཕེལ་རྒྱས་འགྲོ་བཞིན་པའི་བརྒྱུད་རིམ་ཁྲོད་ཡོད་ཅིང་། ད་དུང་ཡང་སྔར་བཞིན་བཅོས་སྒྱུར་དང་གོང་སྤེལ་གཏོང་དགོས་སའི་སྟོང་ཆ་ཆེན་ཡོད་པའི་ངོས་འཛིན་བྱས།
རྩོམ་ཡིག་མཐའ་མར་མཇུག་སྡོམ་གྱི་ཚུལ་དུ་“ང་ཚོས་གདེང་སྤོབས་ཆེན་པོའི་སྒོ་ནས་རྒྱ་ནག་ནི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་ཞེས་བརྗོད་ཆོག་ལ། རྒྱ་ནག་ནི་མང་གཙོའི་དོ་དམ་གང་འཚམ་ཁྱབ་ཆེ་བ་མ་ཟད་ནུས་པ་ལྡན་པའི་རྒྱབ་ཁབ་ཅིག་ཡིན་ཞེས་བརྗོད།།