ལྷོ་སུ་ཌན་གྱི་བྱིས་པ་༨༩ ཙམ་དྲག་དམག་གིས་བཙན་ཁྲིད།
ཕྱི་ལོ་༢༠༡༡ ལོར་གསར་དུ་རང་བཙན་ཐོབ་པའི་ལྷོ་སུ་ཌན་རྒྱལ་ཁབ་ཀྱི་མཱ་ལཱ་ཀལ་གྲོང་ཁྱེར་ཏུ་ཡོད་པའི་སློབ་གྲྭ་ཞིག་གི་ནང་། ཡིག་རྒྱུགས་གཏོང་བཞིན་པའི་སློབ་མ་ཉུང་མཐར་ ༨༩ ཙམ་གོ་མཚོན་ཐོགས་པའི་དམག་དཔུང་གིས་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ལོ་༢༠༡༡ ལོར་གསར་དུ་རང་བཙན་ཐོབ་པའི་ལྷོ་སུ་ཌན་རྒྱལ་ཁབ་ཀྱི་མཱ་ལཱ་ཀལ་གྲོང་ཁྱེར་ཏུ་ཡོད་པའི་སློབ་གྲྭ་ཞིག་གི་ནང་། ཡིག་རྒྱུགས་གཏོང་བཞིན་པའི་སློབ་མ་ཉུང་མཐར་ ༨༩ ཙམ་གོ་མཚོན་ཐོགས་པའི་དམག་དཔུང་གིས་བཙན་ཁྲིད་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༢ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་ཚོགས་པ་སུ་ཞིག་གི་གནས་ཚུལ་འདིའི་ཐོག་ངོས་ལེན་བྱས་མེད་པ་མ་ཟད། སློབ་མ་རྣམས་བཙན་ཁྲིད་བྱེད་དགོས་དོན་གང་ཡིན་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་མེད་ཀྱང་། རྒྱལ་ཁབ་དེའི་འདས་པའི་ལོ་རྒྱུས་ནང་ཕྲུ་གུ་མང་པོ་དམག་དཔུང་དུ་བསྡུ་སྐོང་བྱེད་སྲོལ་ཡོད་འདུག
ཕྱོ་ལོ་༢༠༡༣ ཟླ་༡༢ ནས་བཟུང་ལྷོ་སུ་ཌན་གྱི་སྲིད་འཛིན་སཱལ་ཝ་ཁིར་(Salva Kiir) དང་སྲིད་བློན་གཞོན་པ་ཟུར་པ་རིཀ་མཱ་ཆར་(Riek Machar) གཉིས་བར་འགལ་ཟླ་བྱུང་སྟེ། དམག་དཔུང་ཤོག་ཁག་གཉིས་སུ་གྱེས་ཡོད་ཅིང་། གནད་དོན་དེར་བརྟེན་ནས་ནང་འཁྲུག་རྒྱུན་ཆད་མེད་པར་བྱུང་བའི་དོན་རྐྱེན་ཁྲོད། ཉུང་མཐར་ཡུལ་མི་༡༠༠༠༠ ཙམ་འདས་གྲོངས་དང་། མི་ས་ཡ་༡།༥ ཙམ་ཡུལ་གཞན་ཏུ་གནས་སྤོ་བྱས་དགོས་བྱུང་ཡོད་པ་མ་ཟད། ཧ་ལམ་ཕྲུ་གུ་༡༢༠༠༠ ལྷག་བསྡུ་སྐོང་གིས་དམག་དཔུང་དུ་གསར་འཇུག་བྱས་ཡོད་སྐོར་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་ཚོགས་ཆུང་གིས་བརྗོད་འདུག་ལ། ཟླ་བ་སྔོན་མའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནོན་ཤུགས་འོག་ལྷོ་སུ་ཌན་ནས་ཕྲུ་གུ་དམག་མིར་ཞུགས་པ་༣༠༠༠ ལྷག་གློད་གྲོལ་བཏང་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་མཱ་ལཱ་ཀལ་གྲོང་ཁྱེར་གྱི་དོན་རྐྱེན་དེའི་ཐོག་བདེན་དཔང་མི་སྣ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། གོ་མཚོན་ཐོགས་པའི་དམག་དཔུང་ཀྱིས་མི་ཚོགས་ཀྱི་མཐའ་སྐོར་པ་དང། མི་ཚང་རེ་རེའི་ནང་མྱུལ་ཞིབ་ཀྱིས་ལོ་ན་༡༢ སོན་པའི་ཕྲུ་གུ་བུ་ཚང་མ་བཙན་ཁྲིད་བྱས་ཡོད་པ་རེད།
དྲག་ཆས་དམག་དཔུང་གིས་བཙན་འཛུལ་ཐེབས་ས་ནི་ཤི་ལུཀ་ (Shilluk) ཞེས་འབོད་པའི་མི་རིགས་གནས་སྡོད་ཀྱི་ས་ཁུལ་ཞིག་གི་ནང་དུ་ཡིན་པ་དང་། མི་རིགས་དེ་ལྷོ་སུ་ཌན་ནང་གི་མི་རིགས་མང་ཤོས་གསུམ་པ་དེ་ཆགས་ཡོད་པ་རེད། ཤི་ལུཀ་མི་རིགས་རྣམས་རྒྱལ་ཁབ་དེའི་ནང་འཁྲུག་དང་འབྲེལ་བ་མེད་པར་བར་གནས་ལྟ་བུའི་གནས་སྟངས་འོག་ཡོད་འདུག ལྷོ་སུ་ཌན་གྱི་སྲིད་འཛིན་སཱལ་ཝ་ཁིར་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བ་ཌིན་ཀཱ་སེ་(Dinkas) མི་རིགས་དེ་རྒྱལ་ཁབ་དེའི་ནང་གི་མི་གྲངས་མང་ཤོས་ཀྱི་མི་རིགས་ཆགས་ཡོད་ཅིང་། སྲིད་བློན་གཞོན་པ་ཟུར་པ་རིཀ་མཱ་ཆར་ནི་ནུར་སེ་(Nures) ཞེས་འབོད་པའི་མི་རིགས་ཡིན་པས། མི་རིགས་དེ་གཉིས་བར་འཐབ་འཁྲུག་རྒྱུན་ཆད་མེད་པར་བྱུང་བཞིན་ཡོད་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ།