སིང་གྷ་ལའི་ནང་དྲག་ཆར་གྱི་དཀའ་ངལ།
རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཤི་རི་ལན་ཁ་ལྷོ་ཤར་ས་ཁུལ་མང་པོ་ཞིག་ཏུ་ཉིན་ཤས་རིང་ཆར་པ་ཆར་ཤུགས་ཆེན་རྒྱུན་ཆད་མེད་པར་བབས་པའི་རྐྱེན་གྱིས། ཆུ་ལོག་དང་ས་ཉིལ་གྱིས་ཡུལ་མི་༢༤ ཙམ་རྐྱེན་ལམ་དུ་བཏང་པ་མ་ཟད། མི་༨ ཙམ་གར་སོང་ཆར་མེད་དུ་གྱུར་ཡོད་འདུག
རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཤི་རི་ལན་ཁ་ལྷོ་ཤར་ས་ཁུལ་མང་པོ་ཞིག་ཏུ་ཉིན་ཤས་རིང་ཆར་པ་ཆར་ཤུགས་ཆེན་རྒྱུན་ཆད་མེད་པར་བབས་པའི་རྐྱེན་གྱིས། ཆུ་ལོག་དང་ས་ཉིལ་གྱིས་ཡུལ་མི་༢༤ ཙམ་རྐྱེན་ལམ་དུ་བཏང་པ་མ་ཟད། མི་༨ ཙམ་གར་སོང་ཆར་མེད་དུ་གྱུར་ཡོད་འདུག
ཕྱི་ཟླ་༡༢ པའི་ཚེས་༢༨ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཤི་རི་ལན་ཁ་(སིང་གྷ་ལ) ལྷོ་ཤར་ས་ཁུལ་མང་པོ་ཞིག་གི་ནང་དུ་ཉེ་བའི་ཉིན་ཤར་རིང་བསྟུད་མར་དྲག་ཆར་ཤུགས་ཆེན་བབས་པའི་རྐྱེན་གྱིས། ས་ཁུལ་དེའི་ཡུལ་མི་རྣམས་ལ་ས་ཉིལ་དང་ཆུ་རིལ་གྱི་དཀའ་ངལ་འཕྲད་བཞིན་པ་མ་ཟད། ད་ལྟའི་ཆར་ཤེས་རྟོགས་བྱུང་བ་ལྟར་ན། ས་གནས་ཀྱི་ཡུལ་མི་༢༤ ཙམ་རང་བྱུང་གི་གོད་ཆག་དེའི་ཁྲོད་རྐྱེན་འདས་སུ་གྱུར་ཡོད་པ་དང་། ད་དུང་མི་༨ ཙམ་གྱི་གནས་སྟངས་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
དེ་བཞིན་ཤི་རི་ལན་ཁའི་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིའི་གནམ་གཤིས་ཡག་པོ་མེད་པའི་དཀའ་ངལ་ལ་བརྟེན་ནས། རྒྱལ་ཁབ་དེའི་རྫོང་དང་ས་ཁུལ་༢༢ ནང་གནས་སྡོད་ཀྱི་མི་གྲངས་ས་ཡ་1.01 ཙམ་ལ་གནོད་སྐྱོན་ཆེ་ཆུང་འདྲ་མིན་ཕོག་ཡོད་འདུག
ཐེངས་འདིའི་ཤི་རི་ལན་ཁའི་དྲག་ཆར་གྱི་རང་བྱུང་གོད་ཆག་ནང་ཉུང་མཐར་ཡང་ཁང་པ་༤༥༩༣ ཙམ་གཏོར་རླག་ཏུ་ཕྱིན་པ་དང་། གནོད་སྐྱོན་ཕོག་པའི་སྡོད་ཁང་གྲངས་༡༤༦༤༩ ཙམ་ཡོད་འདུག ཤི་རི་ལན་ཁའི་ལྷོ་ཤར་དུ་ཆགས་པའི་བྷ་རྡུ་ལ་Badulla ས་ཁུལ་དུ་གནོད་སྐྱོན་ཆེ་ཤོས་ཐེབས་པ་དང་། ས་ཁུལ་དེའི་ནང་ས་ཉིལ་གྱིས་མི་༡༤ རྐྱེན་ལམ་དུ་བཏང་པ་མ་ཟད། གཞུང་ལམ་མང་པོ་ཞིག་འགག་སྟེ་རོགས་སྐྱོར་ལས་དོན་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག
གཞན་ཡང་ས་ཁུལ་དེ་དག་ནང་ཏུ་དྲག་ཆར་བསྟུན་མར་བབས་པའི་རྐྱེན་གྱིས་གཙང་པོ་ཆེ་རུ་སོང་སྟེ། ས་ཁུལ་གསུམ་གྱི་ས་གནས་ཡུལ་མི་རྣམས་གཞུང་འབྲེལ་གྱིས་གནས་སྤོ་བྱ་དགོས་བྱུང་ཡོད་པ་རེད།
སྤྱིར་ཤི་རི་ལན་ཁའི་ནང་ཆར་པའི་ནམ་དུས་བཞི་རུ་དབྱེ་ཡོད་པ་ལས། ད་ལྟའི་ཆར་ལྷོ་ཤར་ས་ཁུལ་མང་ཆེ་བར་ཆར་པ་འབབ་བཞིན་ཡོད་པ་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ།