ཐའེ་ཝན་གྱི་གནོད་ཐེབས་ས་ཁུལ་དུ་བོད་བརྒྱུད་དགེ་འདུན་པའི་བསྔོ་སྨོན།
ཟླ་འདིའི་ཚེས་༡ ཉིན་ཐའེ་ཝན་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཀའོ་བཤོང་དུ་རླངས་རྫས་འབར་གས་ཀྱི་དོན་རྐྱེན་མི་མང་ལ་གནོད་སྐྱོན་ཐེབས་པར་བརྟེན། ཟླ་༨ ཚེས་༨ དགུང་མོ་ཐའེ་ཝན་གྱི་གནོད་ཐེབས་ས་ཁུལ་དུ་བོད་བརྒྱུད་དགེ་འདུན་པས་གཞི་རྒྱ་ཆེ་བའི་བསྔོ་སྨོན་ཆོས་སྦྱིན་མཛད་ཡོད་པ་རེད།
གནས་ཚུལ་འཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
ཟླ་འདིའི་ཚེས་༡ ཉིན་ཐའེ་ཝན་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཀའོ་བཤོང་དུ་རླངས་རྫས་འབར་གས་ཀྱི་དོན་རྐྱེན་མི་མང་ལ་གནོད་སྐྱོན་ཐེབས་པར་བརྟེན། ཟླ་༨ ཚེས་༨ དགུང་མོ་ཐའེ་ཝན་གྱི་གནོད་ཐེབས་ས་ཁུལ་དུ་བོད་བརྒྱུད་དགེ་འདུན་པས་གཞི་རྒྱ་ཆེ་བའི་བསྔོ་སྨོན་ཆོས་སྦྱིན་མཛད་ཡོད་པ་རེད།
དེ་ཡང་སྤྱི་ཟླ་བརྒྱད་པའི་ཚེས་༤ ཉིན་ལས་འགུལ་གོ་སྒྲིག་ཚོགས་པའི་འགར་ཁུར་མི་སྣ་དང་། རང་གཞུང་དོན་གཅོད་ཀྱི་སྐུ་ཚབ་བཅས་ཀྱི་དབུས་པའི་མཁན་སྤྲུལ་དགེ་བཤེས་དང་། དགེ་འདུན་པ་ཁག་ཅིག་གནོད་ཐེབས་ས་ཁུལ་དུ་སོང་ནས་གནོད་ཐེབས་མི་མང་ལ་ཐུག་འཕྲད་དང་། དུར་མཆོད་ཁང་དུ་ཆེད་བསྐྱོད་ཀྱིས་གཤིན་པོ་དག་ལ་བསྔོ་སྨོན་བཅས་གནང་བར་མ་ཟད། རྒྱལ་ཡོངས་བརྙན་འཕྲིན་ཁག་ལ་ཐུག་འཕྲད་ཀྱིས་༧གོང་ས་མཆོག་གིས་གོད་ཆག་འདིར་ཐུགས་ཕམ་ཆེན་པོ་བྱུང་བ་དང་། ཐུགས་སྨོན་མཚམས་སྦྱོར་གནང་བཞིན་ཡོད་པའི་འཚམས་འདྲིའི་བཀའ་གསུང་བརྒྱུད་བསྒྲགས།
ཁྱད་པར་ཚེས་བརྒྱད་དགུང་མོ་ཐའེ་ཝན་རྒྱལ་ཡོངས་ཀྱི་བོད་བརྒྱུད་དགེ་འདུན་པ་སྤྱིས་གཞི་རྒྱ་ཆེ་བའི་གདུང་སེམས་མཉམ་བསྐྱེད་མཚོན་པའི་སྨོན་ལམ་ཞིག་ས་ཆ་དེ་ཀ་རང་དུ་འཚོགས་རྒྱུ་ཡིན་པའི་གསར་འགོད་གསར་བསྒྲགས་བཅས་བྱས་པར་ཐའེ་ཝན་རྒྱལ་ཡོངས་གསར་ལམ་ཆེ་ཁག་ཡོངས་རྫོགས་ཀྱིས་དོ་སྣང་ཤུགས་ཆེན་བྱུང་ཡོད་པ་རེད།
ཐའེ་ཝན་རྒྱལ་ཡོངས་ཀྱི་བོད་བརྒྱུད་དགེ་འདུན་པ་ཡོངས་ནས་དམིགས་བསལ་གྱིས་ཐུགས་ཁུར་ཆེན་པོ་གནང་ཞིང་། མང་ཆེ་བས་སྒེར་གྱི་མཛད་རིམ་གང་ཡོད་མཚམས་བཞག་སྟེ་ཆེད་ཕེབས་གནང་བར་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཐའེ་ཝན་དུ་མཛད་འཕྲིན་སྐྱོང་བཞིན་པའི་དཔལ་ས་སྐྱའི་༧སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་ཆེད་ཕེབས་ཀྱིས་དབུ་བཞུགས་གནང་ཡོད་པ་རེད།
དེ་ཡང་ཚེས་བརྒྱད་ཀྱི་དགུང་མོ་ཆུ་ཚོད་བདུན་པ་ནས་དགེ་འདུན་པ་དང་མི་མང་གྲལ་དུ་འཁོད་པ་དང་། ༧སྐྱབས་རྗེ་གདུང་སྲས་རིན་པོས་འབྲེལ་ཡོད་བརྙན་འཕྲིན་ཁག་གཉིས་ཀྱི་གཅར་འདྲི་དང་ལེན་གནང་རྗེས་མཁན་སྤྲུལ་དགེ་བཤེས་རྣམ་པའི་ཕེབས་གསུའི་ཁྲོད་ཚོགས་ཡུལ་དངོས་སུ་ཞབས་སོར་འཁོད།
དེ་རྗེས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་དབུ་འཛིན་གྱིས་ཐོག་མར་འཚམས་འདྲི་དང་འབྲེལ་རྒྱ་གར་དང་བོད་ཡུལ་གྱི་དགོན་སྡེ་ཆེ་ཁག་དག་གིས་སྐབས་འདིའི་དོན་རྐྱེན་དང་འབྲེལ་བའི་སྐྱབས་འཇུག་ཇི་ལྟར་གནང་ཡོད་པའི་གསལ་བཤད་དང་འབྲེལ་ཡོད་ལ་ཐུགས་རྗེ་ཆེ་ཞུ་སོགས་ཀྱི་གསུང་བཤད་གྲུབ་རྗེས། ཀའོ་བཤོང་ཁྲ་འགུ་རིན་པོ་ཆེའི་ཆོས་ཚོགས་ཀྱི་ཚོགས་གཙོ་ནས་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དང་། ཁྲ་འགུ་རིན་པོ་ཆེ་གཉིས་ཀྱི་མགྲིན་ཚབ་པའི་མཚན་ཐོག་ནས་གནོད་ཐེབས་མི་མང་ལ་འཚམས་འདྲི་དང་། ཁྱད་པར་༧སྐྱབས་རྗེ་སི་ཏུ་རིན་པོ་ཆེས་ཀའོ་བཤོང་གནོད་ཐེབས་མི་མང་ལ་ཆེད་བསྩལ་གནང་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས།
དེ་རྗེས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་ནས་ཐེངས་འདིའི་འདུ་འཛོམས་ཀྱི་དགོས་དམིགས་དང་འབྲེལ་བའི་གཏམ་བཤད་དང་། ༧གོང་ས་སྐྱབས་མགོན་ཆེན་པོས་གནོད་ཐེབས་མི་མང་ལ་གནང་བའི་བཀའ་ཕྲིན་རིན་པོ་ཆེ་སྒྲོགས་སྦྱང་གནང་།
༧སྐྱབས་རྗེ་གདུང་སྲས་རིན་པོ་ཆེས་དབྱིན་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས། གནོད་ཐེབས་མི་མང་ལ་སེམས་གསོའི་འཚམས་འདྲི་གནང་བ་དང་། དགེ་འདུན་པ་དང་མི་མང་གིས་བསྔོ་སྨོན་མཆོད་འབུལ་གྱི་ལས་རིམ་དངོས་སུ་དབུ་འཛུགས་ཞུས།
དེ་ནས་ཆུ་ཚོད་བརྒྱད་དང་སྐར་མ་བརྒྱད་ཀྱི་ཐོག་ནས་དབུ་འཛུགས་ཀྱིས་སྐར་མ་གསུམ་གྱི་རིང་ངག་བསྡམས་གུས་འདུད་ཀྱི་རྣམ་པའི་ཐོག་ནས་བྱམས་བརྩེའི་དམིགས་རྣམ་སྐྱོང་བའི་སེམས་ཀྱི་ཉམས་ལེན་གྱི་དམིགས་པ་བསྐྱངས། མཐར་ཆུ་ཚོད་དགུ་པའི་ཐོག་ཐེངས་འདིའི་ལས་རིམ་ཡོངས་སུ་མཇུག་དྲིལ།
ཚོགས་པ་འདིར། ཁྱོན་ཐའེ་ཝན་གྱི་ལྷོ་བྱང་ས་ཁུལ་ཁག་ནས་དགེ་འདུན་པ་ཞལ་གྲངས་ཉིས་བརྒྱ་ལ་ཉེ་བ་ཕེབས་ཤིང་། འདི་ནི་༧གོང་ས་མཆོག་ཕེབས་སྐབས་ལས་གཞན་དུ་ཐའེ་ཝན་དུ་བོད་བརྒྱུད་དགེ་འདུན་པ་མཉམ་ཞུགས་གནང་བ་ཆེས་མང་ཤོས་ཆགས་ཡོད་པ་མ་ཟད། བོད་བརྒྱུད་ནང་པའི་དགེ་འདུན་པས་ས་གནས་འདིར་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཐོག་རང་འདུན་པའི་ངོ་བོ་ཁོ་ནས་འདུ་འཛོམས་གནང་བ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་ཅེས་ས་ཆ་འདིར་བཞུགས་ནས་ལོ་ཉི་ཤུ་ལྷག་ཟིན་པ་དག་གིས་གཅིག་མཐུན་དུ་བཤད།
ད་དུང་གོ་སྒྲིག་ཚོགས་ཆུང་ནས་འབོད་སྐུལ་ཞུས་པ་བཞིན། དགེ་འདུན་པ་ཡོངས་ནས་ཕེབས་བཞུད་བཞུགས་གསུམ་གྱི་སྤྱོད་ལམ་སོགས་གང་ཅིར་ཧ་ཅང་སྒྲིག་འཛུགས་ཡོད་པ་དང་། ཀུན་གྱིས་མིག་དཔེར་འོས་པ་ཞིག་བྱུང་ཡོད་པ་རེད། དེ་བཞིན་ཐའེ་སྡོད་བོད་རིགས་ཚོགས་པས་སྣེ་ཁྲིད་པའི་ས་གནས་བོད་རིགས་གང་མང་ཞིག་ཀྱང་ཆེད་ཕེབས་ཀྱིས་གྲ་སྒྲིག་གི་ལས་དོན་ལ་མཉམ་ཞུགས་བྱས་ཡོད་ཅིང་། འདི་ཡང་གཞུང་འབྲེལ་མ་ཡིན་པ་དང་དགེ་འདུན་པས་སྣེ་ཁྲིད་པའི་ལས་འགུལ་ཞིག་ལ་ས་གནས་བོད་མིས་རྩ་འཛུགས་ཡོད་པའི་ཐོག་ནས་དངོས་སུ་མཉམ་ཞུགས་བྱས་པ་ཐོག་མ་ལྟ་བུ་ཞིག་ཆགས་ཡོད་འདུག དེ་མིན་ཉིས་སྟོང་དགུ་ལོར་༧གོང་ས་མཆོག་ཕེབས་སའི་སྐབས་དེའི་རང་བྱུང་གནོད་འཚེའི་གོད་ཆག་ཕོག་ཡུལ་གྱི་གཉུག་གནས་མི་རིགས་ཁག་ཅིག་ཀྱང་ཆེད་གཏད་ཀྱིས་ཚོགས་པ་འདིར་མཉམ་ཞུགས་བྱས་པ་དང་། མི་མང་ཡང་ཧ་ཙང་མང་པོམཉམ་ཞུགས་བྱས་སོང་།
མདོར་ན། སྐབས་འདིའི་ལས་འགུལ་ལ། གྲུབ་མཐའི་ཆ་ནས། ས་དགེ་བཀའ་རྙིང་རིས་མེད་དང་། ས་བབས་ཀྱི་ཆ་ནས། ལྷོ་བྱང་དབུས་གསུམ་གྱི་གྲོང་ཁྱེར་ཁག་ཡོངས་རྫོགས་སུ་བཞུགས་པ། ཡོང་ཁོངས་ཀྱི་ཆ་ནས། བོད་དང་རྒྱ་གར། འབྲུག བལ་ཡུལ་སོགས་ཀྱི་དགེ་འདུན་པ། སྡེ་ཚན་གྱི་ཆ་ནས། ཆོས་ཕྱོགས་ཀྱི་དགེ་འདུན་པ་དང་། ས་གནས་ཐའེ་ཝན་མི་མང་། ས་གནས་བོད་རིགས་བཅས་ཡོངས་རྫོགས་མཉམ་བཞུགས་བྱས་པའི་ལོ་རྒྱུས་དོན་སྙིང་ལྡན་པའི་འདུ་འཛོམས་ཤིག་ཆགས་ཡོད་པ་མ་ཟད། མཐུན་སྒྲིལ་དང་མཉམ་ལས་ཀྱི་ནུས་ཤུགས་ལ་ཡིད་ཆེད་སྦྱིན་ཞིང་། འབྱུང་འགྱུར་ལ་རེ་བ་གསར་པ་སྐྲུན་བྱེད་ཀྱི་འདུ་འཛོམས་ཤིག་ཀྱང་བྱུང་སོང་སྙམ་པའི་ཚོར་སྣང་མི་མང་པོར་བྱུང་འདུག་ལ། ས་གནས་མི་མང་གཙོ་བོར་གྱུར་པའི་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་སློབ་མ་དང་སྤྱིར་བཏང་གི་མི་མང་པོ་ཞིག་ལ་ཡང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད་པ་དང་། བོད་ཕྱི་ནང་དང་ཐའེ་ཝན་གྱི་དྲ་དམངས་དག་གིས་ཀྱང་བསྔགས་བརྗོད་ཆེན་པོ་གནང་ཡོད།
སྐབས་འདིའི་ལས་འགུལ་སྣེ་ཁྲིད་གོ་སྒྲིག་པ་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་མཐུན་ཚོགས་པ་མཉམ་འབྲེལ་གྱིས་ཐོག་ནས་བྱས་ཤིང་། ཁྲ་འགུ་རིན་པོ་ཆེའི་ཆོས་ཚོགས་ཀྱིས་མཚོན་པའི་ཀའོ་བཤོང་དང་དེ་མིན་ས་གནས་གཞན་གྱི་ཆོས་ཚོགས་ཁག་གིས་རོགས་སྒྲུབ་བཅས། མདོར་ན་ཐའེ་བཞུགས་དགེ་འདུན་པ་ཡོངས་ཀྱིས་བསམ་བློ་དང་ནུས་པ་གཅིག་ཏུ་དྲིལ་ནས་མཉམ་ཞུགས་གནང་བའི་གྲུབ་དོན་ཡིན།
ལས་འགུལ་གོ་སྒྲིག་པ་དང་མཉམ་ཞུགས་གནང་མཁན་ཐུན་མོང་གི་ངོས་ནས་ཀྱང་། ང་ཚོ་སྤྱི་ཚོགས་ཀྱི་ཆ་ཤས་སུ་སྡོད་པའི་རིང་། སྤྱི་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་ཀ་བྱ་རྒྱུ་ནི་ཀུན་སྤྱོད་ཀྱི་ངོས་ནས་རང་འཁྲིའི་ལས་འགན་ཡིན་པ་དང་།
ཆོས་ཕྱོགས་ནས་བཤད་ན། བོད་བརྒྱུད་དགེ་འདུན་པ་དག་གིས་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བསྐྲུན་རྒྱུ་ནི་དགེ་འདུན་པས་དར་སྤེལ་བྱེད་པའི་བསམ་བློའི་རིག་གནས་འདི་སྤྱི་ཚོགས་འདིས་མུ་མཐུད་དང་ལེན་བྱེད་མིན་དང་འབྲེལ་བའི་རྩ་གནད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།།