རྒྱ་ནག་ཁུན་མེང་གི་དོན་རྐྱེན་དང་བོད་མིའི་རང་སྲེག་སྐོར་ལ་བགྲོ་གླེང་།

ཕྱི་ཟླ་༥ཚེས་༣ཉིན་གྱི་ཕྱི་དྲོ་ཐའེ་ཝན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཚོགས་ཁང་དང་པོའི་ནང་། རྒྱ་ནག་ཁུན་མེང་དང་བོད་མིའི་རང་སྲེག་དོན་རྐྱེན་ནས་རྒྱ་ནག་གི་མི་རིགས་གནད་དོན་ལ་བལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

ཕྱི་ཟླ་༥ཚེས་༣ཉིན་གྱི་ཕྱི་དྲོ་ཐའེ་ཝན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཚོགས་ཁང་དང་པོའི་ནང་། རྒྱ་ནག་ཁུན་མེང་དང་བོད་མིའི་རང་སྲེག་དོན་རྐྱེན་ནས་རྒྱ་ནག་གི་མི་རིགས་གནད་དོན་ལ་བལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

tawan1བགྲོ་གླེང་ཚོགས་འདུ་དེ་བོད་མིའི་སྒྲིག་འཛུགས་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་དང།ཐའེ་ཝན་བོད་རིགས་ཚོགས་པ།ཐའེ་ཝན་བོད་རྒྱ་མཛའ་འབྲེལ་ཚོགས་པ།ཐའེ་ཝན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཁང་བཅས་ཐུན་མོང་གིས་གོ་སྒྲིག་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་དང་། ཐའེ་སྡོད་བོད་མིའི་བདེ་རྩ་ཚོགས་པའི་དབུ་འཛིན་དགེ་བཤེས་བྱམས་པ་རྒྱལ་མཚན། རྒྱ་གར་ནས་ཕེབས་པའི་བོད་མི་དམངས་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། སྤྱི་འཐུས་ཤར་གླིང་ཟླ་སྒྲོན། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་ལས་བྱེད་ཡེ་ཤེས་བསྟན་འཛིན་བཅས་དང་། ཐའེ་ཝན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཁྲན་ཅེ་རུ། ཐའེ་ཝན་སློབ་གྲྭ་ཆེན་མོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དབུ་འཛིན་ཆུའུ་རུང་ཅུས། ཐའེ་ཝན་ཕུ་ཡིང་ཚན་རྩལ་སློབ་གྲྭ་ཆེན་མོའི་སློབ་དཔོན་སྐུ་ཞབས་སུའུ་ཅ་ཧུང་། ཐའེ་ཝན་རྒྱལ་འཛུགས་ཆབ་སྲིད་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དབུ་འཛིན་གཅིག་ལྕོགས་ལི་ཡུ་ཐང་། མང་གཙོ་ཡར་རྒྱས་མནའ་མཐུན་ཚོགས་པའི་དྲུང་ཆེ་དང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཆན་ཏཱ། ཐའེ་ཝན་དུ་ཡོད་པའི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་མནའ་མཐུན་ཚོགས་པའི་ཚོགས་གཙོ་ཡང་ཤན་ཧུང་། ཐའེ་ཝན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའུ་ཏེ་རུང་། ཀྲུང་ཧྭ་སློབ་ཆེན་འཛིན་སྐྱོང་དོ་དམ་ཚན་ཁག་གི་དབུ་འཛིན་གཞོན་པ་ཙིང་ཅེན་ཡུན། རྒྱ་ནག་མང་གཙོ་འཐབ་ཕྱོགས་ཚོགས་པའི་གཙོ་འཛིན་ལྕམ་ཧྲེང་ཤོད། ཚའེ་དབྱིང་ཝོན་སློབ་གསོ་ཐེབས་རྩ་ཚོགས་པའི་སྤྱི་ཚོགས་འཕེལ་རྒྱས་ལྟེ་གནས་ཁང་གི་གཙོ་འཛིན་ཡང་ཁྲང་ཀྲིང་། ཐའེ་ཝན་སློབ་གྲ་ཆེན་མོའི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཚན་ཁག་གི་རབ་འབྱམས་པ་ལིའུ་ཝོན་ཞོན་བཅས་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད་གནང་ཡོད་པ་རེད།

tawan2ཚོགས་ཐེངས་དང་པོར་དགེ་བཤེས་བྱམས་པ་རྒྱ་མཚོན་གྱིས་གསུང་དོན། “ཚང་མས་ཤེས་གསལ་ལྟར། དེང་སྐབས་ཀྱི་བོད་མིའི་སྡུག་བསྔལ་ནི་འཛམ་གླིང་ཡོངས་གྲགས་ལྟ་བུ་ཆགས་ཡོད་པ་རེད། ལོ་འགའི་རིང་བོད་མིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲེག་ལས་འགུལ་སྤེལ་ནས་བོད་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་པ་རེད། ཧ་ཅང་ཤ་ཚ་དགོས་པའི་ལས་འགུལ་འདི་ནི་དུས་ནམ་ཞིག་རྒྱུན་གཅོད་བྱ་ཐུབ་ཀྱི་ཡོད་མེད་སུས་ཀྱང་ཚོད་དཔག་བྱ་དཀའ་བ་རེད། རེད་དེ། ཚོད་དཔག་བྱེད་ཐུབ་པ་གཅིག་རང་ཡོད་པ་ནི་རྒྱ་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་སྐད་ཆ་བཤད་རེས་བྱས་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཁོ་ན་རེད། བོད་མི་རང་སྲེག་བ་དེ་དག་གི་འབོད་སྒྲ་གང་ཡིན་ཧ་ཅང་གསལ་པོ་ཡིན་པ་སྟེ། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ང་ཚོ་བོད་ལ་རང་དབང་མེད་ཅེས་པ་འདི་ཁོ་ན་རེད། རྒྱ་གཞུང་ངོས་ཕྱོགས་ནས་གོང་ས་མཆོག་གིས་སྔ་མོ་ནས་བཏོན་པའི་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་ངོས་ལེན་བྱེད་རྒྱུ་དེ་རེད། བོད་ཀྱི་ངོས་ནས་བསམ་བློ་གུ་ཡངས་ཡོད་ཚད་བྱས་ནས་རྒྱ་ནག་མངའ་ཁོངས་སུ་བསྡད་ནས་མིང་དོན་མཚུངས་པའི་རང་སྐྱོང་ཙམ་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།”

ཁོང་གིས་མུ་མཐུད་གསུངས་དོན། “རྒྱ་ནག་གི་བོད་སྡོད་མགོ་ཁྲིད་ཁྲོད་ནས་ཧུའུ་ཡོ་པང་གཅིག་པུས་བོད་ལ་བསམ་བློ་ངོ་མ་བཏང་ཡོད་པ་རེད། བོད་ཀྱི་རྒྱལ་ས་ལྷ་སར་དངོས་སུ་ཞིབ་འཇུག་ལྟ་རྟོགས་བྱེད་པར་སོང་ནས་བཤད་དོན། དབུས་གཞུང་ནས་བོད་ཀྱི་ས་ཁུལ་དུ་མ་དངུལ་འབོར་ཆེན་བཏང་བ་ཡིན་ནའང་བོད་མི་ཚོའི་འཚོ་བ་ད་དུང་འདི་འདྲའི་སྐྱོ་བོ་ཡོད་པ་དངོས་གནས་ཧང་སངས་དགོས་པ་རེད། འདི་ལྟར་བོད་མི་ཚོའི་འཚོ་བ་ཡར་རྒྱས་ཅི་ཡང་མེད་དུས། བོད་སྡོད་རྒྱ་མི་བརྒྱ་ཆ་བརྒྱད་ཅུ་རྒྱ་ནག་ས་ཁུལ་དུ་ཕྱིར་འཐེན་བྱ་དགོས་ལ། བརྒྱ་ཆ་ཉི་ཤུ་བོད་དུ་བསྡད་ན་འགྲིག་ཅེས་བཤད་ཡོད་པ་མ་ཟད། དེ་དོན་ལག་བསྟར་བྱ་རྒྱུར་མགོ་བརྩམས་ཡོད་པ་རེད།”ཅེས་སོགས་གསུངས་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་རྩོམ་པ་པོ་དང་གླུ་བ་བཅས་ཉེས་མེད་ཉེས་འཛུགས་ཀྱིས་བཙོིན་དུ་བཅུག་པ་ཁག་གཙོར་འདོར་བྱས་ནས་གཏམ་བཤད་གནང་།

བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་གཙོར་འདོན་བྱས་ལ། བོད་ནང་དུ་མིག་སྔའི་བར་བོད་མི་བརྒྱ་དང་སུམ་ཅུས་རང་སྲེག་ངོ་རྒོལ་བྱས་པ་དང་། དེ་དག་ལས་རང་སྲེག་པ་བརྒྱ་དང་བཅུ་གཉིས་འདས་གྲོངས་ཕྱིན་ཡོད་པའི་སྐོར། དེང་སྐབས་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ཟིན་པའི་བོད་ཀྱི་གནད་དོན་འདིར་ཐག་གཅོད་མ་བྱས་བར་དུ་གཡོལ་ས་གཏན་ནས་ཡོང་མི་སྲིད་ལ། བོད་ཀྱི་གནད་དོན་འདིར་ཅི་ཙམ་གྱིས་ནར་འགྱངས་བྱས་པ་ཡིན་ན་དེའི་ཚོད་ཀྱིས་ཕྱོགས་གཉིས་ཀ་ལ་འཐུས་ཤོར་དང་གྱོང་གུད་ལས་ཅི་ཡང་ཡོང་མི་སྲིད་”ཅེས་རྒྱ་ནག་སྟོབས་ཆེན་ཇི་ཙམ་ཆགས་རུང་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་འདི་བཞིན་དྲང་བདེན་གྱི་གྱི་འཐབ་རྩོད་ཅིག་ཡིན་སྟབས།བོད་པ་རང་ངོས་ནས་འཐབ་རྩོད་འདི་རྒྱུན་བསྐྱང་ཐུབ་པར་དོན་ཚན་ཁག་ལྔ་ཐོག་འགྲེལ་བཤད་རྒྱས་པ་གནང་ཡོད་པ་རེད།

ཐའེ་ཝན་མང་གཙོ་ཡར་རྒྱས་མནའ་མཐུན་ཚོགས་པའི་དྲུང་ཆེ་དང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་ཆན་ཏཱ་ཡིས་གསུང་དོན།“དེ་རིང་ང་ཚོས་རྒྱ་ནག་གུང་ཁྲན་ལ་བཤད་རྒྱུར། ཏཱ་ལའི་བླ་མས་ཧ་ཅང་གིས་ཞི་འཇམ་ངང་བཏོན་པའི་དབུ་མའི་ལམ་གྱི་སྲིད་ཇུས་འདིར་ད་དུང་ཡང་གོ་སྐབས་དམ་འཛིན་མ་བྱས་པ་ཡིན་ན། ཉིན་ཞིག་ལ་ཏཱ་ལའི་བླ་མ་མ་བཞུགས་པ་དང་། བོད་མི་ཚོས་ཡུ་གུར་བ་མཉམ་དུ་དྲག་པོའི་ལམ་དུ་ཞུགས་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པ་ཡིན་ན། རྒྱ་ནག་གི་རྙོག་དྲ་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། རྒྱ་ནག་གིས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕྱིར་ཕེབས་སུ་མི་འཇུག་པ་དེ་ནི་རྒྱ་ནག་དབང་འཛིན་པ་ཚོས་དབང་ཆ་གཅིག་སྡུད་བྱེད་བཞིན་ཡོད་པས་རེད། གལ་ཏེ་རྒྱ་ནག་གུང་ཁྲན་པས་མ་འོངས་ལོ་ལྔའི་ནང་དུ་གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕྱིར་ཕེབས་འཇུག་གི་མེད་པ་དང་། ཉིས་སྟོང་བཅུ་བདུན་ལོར་ཧུང་ཀོང་མི་མང་དོན་དམ་མི་རེ་ངོ་རེའི་འོས་འདེམས་ཀྱི་ཐོབ་ཐང་ཅིག་གནང་མེད་ཚེ། ཐའེ་ཝན་མི་དམངས་ཀྱིས་ཏན་ཏན་ཐའེ་ཝན་རང་བཙན་གཙང་མར་རྩོད་ལེན་བྱེད་ངེས་རེད། དེ་ནི་ཐའེ་ཝན་བས་རྒྱ་ནག་གུང་ཁྲན་ལ་བློ་སེམས་བདེ་མོའི་ངང་ཡིད་ཆེས་ཐུབ་ཀྱི་མེད་པས་རེད་”ཅེས་སོགས་གསུངས་ཡོད་པ་རེད།

ཐའེ་ཝན་དུ་ཡོད་པའི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་མནའ་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡང་ཤན་ཧུང་ཡིས་གསུངས་དོན།“རྒྱ་ནག་ཇག་པའི་སྲིད་གཞུང་འདི་ནི་མི་རིང་བར་འཇིག་རྒྱུ་རེད། དེའི་སྔོན་རྟགས་ཅི་ཞིག་ཡོད་ཟེར་ན། ལོ་བཅུའི་རིང་ལ་ཆ་སྙོམ་ཟླ་རེའི་ནང་ཨ་སྒོར་དུང་ཕྱུར་སུམ་བརྒྱ་རྒྱ་ནག་ནས་རྒྱལ་ཁབ་གཞན་དུ་ཤོར་འགྲོ་ཡི་ཡོད། འདི་ནི་དུས་ཚོད་ཧ་ཅང་མང་པོའི་རིང་མཚམས་འཇོག་ཅི་ཡང་བྱས་མེད། དུས་ད་ལྟའང་སྒོར་མོ་འབོར་ཆེན་འདི་ཕྱོ་ལོགས་སུ་ཤོར་བཞིན་ཡོད་པ་རེད། སྒོར་མོ་དེ་དག་ཚང་མ་རྒྱ་ནག་གི་དབང་འཛིན་པ་དང་ཚོང་པ་ཚོ་ལག་སྦྲེལ་བྱས་ནས་བཏང་བ་རྐྱང་རྐྱང་རེད། དེས་ན་རྒྱ་ནག་ཇག་པའི་སྲིད་གཞུང་འདི་ལམ་སེང་བརྡིབ་རྒྱུ་རེད།”ཅེས་གསུངས་ཡོད་པ་རེད།

ཐའེ་ཝན་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུན་ཀྲི་པེང་ཡིས་ཚོགས་མི་གཞན་ཞིག་གི་རྩོམ་ཡིག་ཀློག་མཚམས་གསུངས་དོན།“༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་རང་བཙན་རྩོད་ཀྱི་མེད་ལ། བོད་མི་ཚོས་བཙན་བྱོལ་ནང་དུ་མང་གཙོ་ཚགས་ཚུད་ཅིག་བཙུགས་ཡོད་ལ། ཧ་ཅང་ཞི་འཇམ་དང་མིག་རྒྱང་རིང་པོའི་སྒོ་ནས་བོད་རྒྱ་གཉིས་ཀྱི་གནད་དོན་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་བཏོན་པ་རེད། ཐབས་ལམ་འདི་ནི་རྒྱ་ནག་ངོས་ཕྱོགས་ནས་ཀྱང་ངོས་ལེན་བདེ་ཤོས་དང་ལས་སླ་ཤོས་དེ་རེད་”ཅེས་གསུངས།

རྒྱ་ནག་མང་གཙོ་འཐབ་ཕྱོགས་ཚོགས་པའི་གཙོ་འཛིན་ལྕམ་ཧྲེང་ཤོད་ཀྱིས་གསུང་དོན།“རྒྱ་ནག་ཁུན་མེང་དོན་རྐྱེན་བྱུང་སྐབས་རྒྱ་ནག་གཞུང་ཕྱོགས་ཀྱི་ཉེན་རྟོག་པས་ཧ་ཅང་མགྱོགས་པོའི་ངང་གྲི་ཐོགས་པའི་མི་དྲུག་ཡོད་པ་ལས། ལོ་ན་བཅུ་དྲུག་ལས་མེད་པའི་བུད་མེད་གཞོན་ནུ་མ་ཞིག་ལས་དེ་མིན་ཚང་མ་དེ་ག་རང་དུ་དམར་གསོད་བཏང་ཡོད་ཟེར། དེ་འདྲ་ཡིན་དུས་ཁུན་མེང་དོན་རྐྱེན་གྱི་གདོང་རིས་ངོ་མ་ཅི་ཞིག་ཡིན་མིན་དང་སུ་ཞིག་གིས་བཟོས་མིན་རྒྱ་ནག་གཞུང་ཕྱོགས་རང་གིས་བཤད་པའི་སྐད་ཆ་ཁོ་ན་ལས་མེད་དུས། ང་ཚོས་ཁུན་མེང་དོན་རྐྱེན་དེ་ཡུ་གུར་བས་བཟོས་པ་རེད་ཟེར་གཏན་ནས་ཤོད་མི་ཐུབ། དོན་དམ་པས་རྒྱ་ནག་གུང་ཁྲན་རང་ཉིད་ཀྱིས་སོ་སོའི་མི་མང་ཚད་ལས་བརྒལ་བའི་མནར་གཅོད་བཏང་ཡོད་དུས། རྒྱ་ནག་གུང་ཁྲན་རང་ཉིད་བཀྲུས་ན་མ་དག་པའི་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་པ་རེད། རྒྱ་ནག་གུང་ཁྲན་རིང་ལུགས་ཁོ་རང་གི་བཙན་ཤེད་དང་བཙན་གནོན་བྱེད་ཐབས་རྒྱལ་སྤྱི་ཡོངས་ལ་ཁྱབ་སྤེལ་བྱེད་བཞིན་ཡོད་དུས། རྒྱ་ནག་གུང་ཁྲན་འདི་དངོས་གནས་དྲང་གནས་ཀྱི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་ཆགས་པ་རེད། དེའི་རྐྱེན་གྱིས་མི་མང་ཡོངས་ཀྱིས་གུང་ཁྲན་མགོ་རྟིང་སློག་པའི་ལས་འགུལ་སྤེལ་དགོས་”ཅེས་སོགས་གསུངས་ཡོད་པ་རེད།

མཇུག་ཏུ་ཐའེ་ཝན་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུན་ཀྲི་པེན་གྱིས་བགྲོ་གླེང་ཚོགས་འདུའི་མཇུག་བསྡོམས་གཏམ་བཤད་གནང་སྟེ་ཉིན་རྒྱབ་ཆུ་ཚོད་༥།༥༠ཐོག་བགྲོ་གླེང་ཚོགས་འདུ་མཇུག་བསྒྲིལ་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།