ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནས་སྐུ་གྲོངས།
ཟླ་འདིའི་ཚེས་༡༢ དགོང་མོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནས་སྐུ་གྲོངས་པའི་གནས་ཚུལ་སླེབས་ཡོད་པ་དང་། ༢༠༠༢ ལོའི་ཕྱི་ཟླ་༡༡ ཚེས་༢༩ ཉིན་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ། ཁྲེན་ཏུའུ་གྲོང་ཁྱེར་དུ་འབར་རྫས་སྦར་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཏེ། ལོ་༡༣ འཁོར་གྱི་ཡོད་པ་རེད།
ཟླ་འདིའི་ཚེས་༡༢ དགོང་མོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནས་སྐུ་གྲོངས་པའི་གནས་ཚུལ་སླེབས་ཡོད་པ་དང་། ༢༠༠༢ ལོའི་ཕྱི་ཟླ་༡༡ ཚེས་༢༩ ཉིན་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ། ཁྲེན་ཏུའུ་གྲོང་ཁྱེར་དུ་འབར་རྫས་སྦར་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཏེ། ལོ་༡༣ འཁོར་གྱི་ཡོད་པ་རེད།
༢༠༠༣ ལོར་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་མཉམ་དུ་འབར་གས་དོན་རྐྱེན་གྱི་ནག་ཉེས་གཡོགས་པའི་བློ་བཟང་དོན་གྲུབ་སྲོག་ཐོག་བཏང་ཡོད་པ་རེད།
ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་ཐུག་འཕྲད་བྱེད་ཆོག་སྐོར་བརྗོད་དེ། ཁྲིན་ཏུའུ་རུ་འབོད་འགུག་བྱས་ཡོན་ནའང་། དངོས་སུ་ཐུག་མ་བཅུག་པར་ཉིན་བཅུ་ཙམ་འགྲོ་སྐབས་དེར་རིན་པོ་ཆེ་གྲོངས་པ་ཟིན་ཡོད་སྐོར་བརྗོད་འདུག
སྐབས་དེར་ནང་མི་དང་བོད་མི་མང་པོ་འབྲེལ་ཡོད་ལས་ཁུངས་ནང་ཕྱིན་ཏེ་རིན་པོ་ཆེ་ག་འདྲ་དགོངས་པ་རྫོགས་པ་དང་། སྐུ་ཕུང་གང་དུ་ཡོད་མེད་སོགས་སྐད་ཆ་དྲིས་པར། འབྲེལ་ཡོད་ལས་བྱེད་པས་ཁྱེད་རང་ཚོས་ཟིང་ཆ་མ་སློང་། ཉག་ཆུ་རྫོང་དང་། ལི་ཐང་རྫོང་ཁོངས་ཀྱི་འཐུས་མི་གཉིས་རེ་མར་ཡོང་ན་ང་ཚོས་བརྡ་ལན་གསལ་བོ་སྤྲོད་ཀྱི་ཡིན་སྐོར་བརྗོད་པ་ལས། གནས་ཚུལ་ཁ་གསལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།
རྒྱ་ནག་གཞུང་གིས་༢༠༠༢ ལོའི་ཟླ་༡༢ ཚེས་༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལོ་གཉིས་རྗེས་སུ་སྲོག་ཐོག་གི་ཁྲིམས་ཐག་གཅོད་རྒྱུ་བྱས་ཀྱང་། བོད་ཕྱི་ནང་གང་ས་ནས་ཁོང་ལ་མ་ཉེས་ཡག་གཡོག་བྱས་སོང་ཞེས་རྒྱ་གཞུང་ལ་ངོ་རྒོལ་དང་ཞུ་སྐུལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ། ༢༠༠༥ ལོའི་ཟླ་༡ ཚེས་༢༦ ཉིན་སྲོག་ཐོག་གི་ཁྲིམས་ཆད་ནས་ཚེ་བཙོན་གྱི་ཁྲིམས་ཆད་ལ་བསྒྱུར། རྒྱ་ནག་གིས་མགྲིན་ཚབ་པ་ཞིག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་འབར་གས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པ་དང༌། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རྩིས་མེད་བཏང་བ། རྒྱ་ནག་ཁ་བྲལ་དང་ལོག་སྤྱོད་ཀྱི་ལས་འགུལ་སྤེལ་བ་བཅས་ལ་བརྟེན་ཁོ་པར་མི་ཚེ་གང་པོའི་ཆབ་སྲིད་ཀྱི་ཁེ་དབང་མེད་པ་བཟོས་ཏེ་ཚེ་གང་བཙོན་ཁང་དུ་འཇུག་རྒྱུའི་ཁྲིམས་ཐག་བཅད་ལུགས་བརྗོད་ཡོད་པ་རེད།
རྗེས་སུ་ནང་མི་སོགས་ལ་ཐུག་འཕྲད་ཀྱང་མང་པོ་བྱེད་བཅུག་མེད་པ་དང་། བཙོན་ཁང་ནས་སྙིང་གི་ན་ཚ་ཕོག་སྟེ། དཀའ་ངལ་རིམ་པ་འཕྲད་ཡོད་པ་རེད། རྒྱ་ནག་ཁྲིམས་ཁང་ལ་སྤྲུལ་སྐུར་ནག་ཉེས་མེད་པ་དང་སྨན་བཅོས་པ་ཐེངས་མང་ཞུ་གཏུག་བྱས་ཡོད་ནའང་གཞུང་གིས་ཉན་འཇོག་གང་ཡང་བྱས་མེད་པ་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་༡༩༥༠ ལོར་ཟླ་ ༩ ཚེས་ ༢༥ ཉིན་ལི་ཐང་རྫོང་བདེ་སྐྱིད་གྲོང་དུ་ཡབ་ཚེ་དཔག་རྡོ་རྗེ་དང་ཡུམ་སྒྲོལ་མ་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས། ༡༩༨༢ ལོར་རྒྱ་གར་དུ་ཕེབས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་ལྟར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས། ༡༩༨༣ ལོར་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་གནང་ཞིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་བསྩལ། ༡༩༨༧ ལོར་ཕྱིར་ཕ་ཡུལ་དུ་ཕེབས་ཏེ་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་རིམ་པར་གནང་སྟེ་མི་མང་ལ་ཕན་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་གསར་བཞེངས་སོགས་ཀྱི་ཕྱག་ལས་རླབས་ཆེན་གནང་མཁན་ཞིག་ཡིན་པ་རེད།
རྒྱ་ནག་གིས་བོད་ལ་བཙན་འཛུལ་རྗེས་ནས་བོད་ཀྱི་བླ་མ་དང་གནད་ཡོད་མི་སྣ་སྤྱི་ཚོགས་ནང་ཤུགས་རྐྱེན་ཡོང་མཁན་མང་པོར། ནག་ཉེས་འདྲ་མིན་བཙུགས་སྟེ་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད།
སྤྲུལ་སྐུ་བསྟན་བདེ་ལེགས་འཇུ་བཟུང་སྐབས་རྒྱ་དཔོན་ཀྲུ་ཡུང་ཁཱང་ཟི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་པ་དང་། རྗེས་སུ་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་དང་ཁྲིམས་དོན་ལྷན་ཚོགས་ཀྱི་དྲུང་ཆེ་སོགས་ཀྱི་འགན་ཁུར། ད་ལྟ་ཁོང་ལ་ལྐོགས་ཟ་རུལ་སུངས་ཀྱི་ནག་ཉེས་ཕོག་སྟེ། ༢༠༡༥ ལོའི་ཕྱི་༦ ཚེས་༡༡ ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།