སྤྲུལ་སྐུའི་སྐུ་ཕུང་གི་དོ་བདག་ལ་དྲག་གནོན་ཤུགས་ཆེན་བྱས་འདུག

ཟླ་འདིའི་ཚེས་ ༡༣ ཉིན་ཁམས་ལི་ཐང་ཉག་ཆུ་རྫོང་ཁོངས་སུ་ཡོད་པའི་ཨོ་ཐོག་ཧོ་ལུང་ཡུལ་ཚོའི་རྒྱ་ནག་གི་སྲིད་གཞུང་སྒོ་རུ་མི་མང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་ཕུང་རྩིས་སྤྲོད་དགོས་པའི་ཞུ་འབོད་བྱས་ཀྱང་། ཉན་འཇོག་མ་བྱས་ཁར་མི་མང་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་བཏང་བ་དང་།

Nyagchu
tibet.net

ཟླ་འདིའི་ཚེས་ ༡༣ ཉིན་ཁམས་ལི་ཐང་ཉག་ཆུ་རྫོང་ཁོངས་སུ་ཡོད་པའི་ཨོ་ཐོག་ཧོ་ལུང་ཡུལ་ཚོའི་རྒྱ་ནག་གི་སྲིད་གཞུང་སྒོ་རུ་མི་མང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་ཕུང་རྩིས་སྤྲོད་དགོས་པའི་ཞུ་འབོད་བྱས་ཀྱང་། ཉན་འཇོག་མ་བྱས་ཁར་མི་མང་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་བཏང་བ་དང་། མེ་མདའ་བརྒྱབ་པ་སོགས་དྲག་གནོན་བྱས་ཏེ། ད་ལྟའི་ཆར་མི་གྲངས་༡༥ ཙམ་ཧ་ཅང་ཛ་དྲག་ངང་སྨན་ཁང་དུ་ལུས་ཡོད་འདུག

ཟླ་འདིའི་ཚེས་༡༥ ཉིན་ལི་ཐང་དང་ཉག་ཆུ་རྫོང་ཁོངས་ཀྱི་མི་མང་བརྒྱ་ཕྲག་གཅིག་ལྷག་སི་ཁྲོན་ཞིང་ཆེན་གྱི་ཏ་ཀྲའུ་ཁྲོན་ཏུང་བཙོན་ཁང་སྒོ་འགྲམ་དུ་ཞུ་འབོད་བྱེད་བཞིན་ཡོད་པ་དང་། ཁོང་རྣམས་ལ་དྲག་ཆས་ཉེན་རྟོག་རུ་ཁག་སླེབས་ཏེ་རྡུང་རྡེག་གཏོང་རྒྱུའི་ཉེན་ཁའི་ནང་ལྷུང་ཡོད་པ་རེད།

ད་ལྟའི་ཆར་ལི་ཐང་དང་ཉག་ཆུ་རྫོང་གཉིས་དབར་མི་མང་ཕར་ཚུར་འགྲོ་བསྐྱོད་བཀག་འགོག་དང་། ལི་ཐང་རྫོང་ཐོག་ཏུ་དྲག་ཆས་དམག་མི་འགྲེམས་འཇོག་གིས་མི་མང་ལ་གནོན་ཤུགས་སྤྲད་པ། འགའ་རེར་ཉེས་བརྡུང་བཏང་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་བའི་གནས་ཚུལ་མང་དུ་ཡོང་བཞིན་ཡོད་པ་རེད།

ཕྱི་ཟླ་༧ ཚེས་༡༣ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། “སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། རིན་པོ་ཆེ་མཆོག་ལ་སྙུན་གཞི་ཚབས་ཆེན་ཕོག་ཡོད་སྟབས་ཁོང་གི་སློབ་མ་རྣམས་ཀྱིས་སྨན་བཅོས་མཐུན་འགྱུར་ཆེད་ཁོང་གློད་གྲོལ་གནང་དགོས་པའི་རེ་འདུན་བཏོན་པ་ང་ཚོས་ཤེས་ཀྱི་ཡོད། རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་སྨན་བཅོས་མཐུན་འགྱུར་ཡང་མ་སྤྲད་པ་མ་ཟད། སློབ་མ་རྣམས་ཀྱིས་ཁོང་བཙོན་ཁང་དུ་ཐེངས་གཅིག་མཇལ་རྒྱུའི་རེ་འདུན་བཏོན་པར་ཆོག་མཆན་མ་སྤྲད་པའི་བྱ་སྤྱོད་དེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་ཇི་ཙམ་ལག་བསྟར་བྱེད་བཞིན་ཡོད་པ་ཧ་ཅང་གསལ་པོ་མཚོན་ཐུབ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་འདི་ལྟར་འཛིན་པ་དེས་བོད་མི་ཚོའི་སེམས་ནང་འཁོན་འཛིན་ཆེ་རུ་གཏོང་རྒྱུ་རེད་”ཅེས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། “ད་ལྟའི་རྒྱ་ནག་སྲིད་གཞུང་གི་བྱེད་ཕྱོགས་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་ཚད་དང་ཡོངས་སུ་བརྒལ་བའི་བྱ་སྤྱོད་ཞིག་ལ་ངོས་འཛིན་དང། བློ་ཕམ་ཚད་མེད་བྱུང་ཞེས་བརྗོད་རྒྱུ་ཡིན། རྒྱ་ནག་གཞུང་གིས་ངེས་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་མི་མང་ལ་རྩིས་སྤྲོད་བྱེད་དགོས་པ་དང་། བོད་ཀྱི་སྲོལ་རྒྱུན་ལྟར་སྐུ་གདུང་ཞུགས་འབུལ་སོགས་ཀྱིི་ལས་རིམ་ཆ་ཚང་བ་ངེས་ པར་དུ་འགྲོ་དགོས་པ་ནན་བརྗོད་བྱེད་རྒྱུ་དང་། ཤུལ་ལུས་ནང་མི་ལྟོས་བཅས་དང་རྗེས་འཇུག་ཡོངས་ལ་གདུང་སེམས་མཉམ་སྐྱེད། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་གིས་རིན་པོ་ཆེའི་སྐུ་ཕུང་ཕྱིར་རག་ ཐབས་དང་། མི་མང་གི་བདེ་འཇགས་ཆེད་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ཀྱིས་འགན་འཁུར་བྱེད་དགོས་པ་བཅས་ནན་བརྗོད་བྱེད་རྒྱུ་ཡིན་”ཞེས་བརྗོད་ཡོད་པ་རེད།།

ཟླ་འདིའི་ཚེས་༡༥ ཉིན་གྱི་ཕྱི་དྲོ་དྷ་སའི་བོད་མི་སྒྲིག་འཛུགས་ཀྱིས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་འོག་ནས་སྐུ་གྲོངས་པར། མྱ་ངན་ཞུས་པ་དང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད།།
གནས་ཚུལ་སྔོན་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།