༧གོང་ས་མཆོག་ལ་བརྟན་བཞུགས་དང་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་སོང་།

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་དང་རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ནས་༧གོང་ས་མཆོག་བོད་ལུགས་དགུང་གྲངས་བརྒྱད་ཅུར་བཞེས་པའི་སྐུའི་འཁྲུངས་ཉིན། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་རྟེན་བཞུགས་རྒྱས་པ་ཞིག་ཕུལ་པའི་རྗེས། གཞུང་འབྲེལ་གྱི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་གནང་སོང་།

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་དང་རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ནས་༧གོང་ས་མཆོག་བོད་ལུགས་དགུང་གྲངས་བརྒྱད་ཅུར་བཞེས་པའི་སྐུའི་འཁྲུངས་ཉིན། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་རྟེན་བཞུགས་རྒྱས་པ་ཞིག་ཕུལ་པའི་རྗེས། གཞུང་འབྲེལ་གྱི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་གནང་སོང་།

tthupten 159ཕྱི་ཟླ་༦ པའི་ཚེས་༢༡ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ པའི་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་། དབུས་བོད་མིའི་སྒྲིག་འཛུགས་དང་རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ནས་༧གོང་ས་མཆོག་ལ་རྟེན་བཞུགས་རྒྱས་པ་ཞིག་ཕུལ་གྲུབ་པའི་རྗེས། སྔ་དྲོའི་ཆུ་ཚོད་༡༠།༣༠ སྟེང་གཙུག་ལག་ཁང་གི་ཆོས་རའི་ནང་། ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་གཞུང་འབྲེལ་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་པའི་ཐོོག ༧གོང་ས་མཆོག་གཙོས་པའི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པ་དང་། མཁན་པོ་བླ་སྤྲུལ་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་དང་ལས་ཟུར་རྣམ་པ། བོད་མི་མང་སྤྱི་འཐུས་ཚོོགས་གཙོ་གཞོན་དབུས་སྤྱི་འཐུས་རྣམ་པ། གཞན་ཡང་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ནཱ་བྷམ་ཊུ་ཀེ་(Nabam Tuki)ལགས་དང་། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་རི་རྗི་རྗུ།(Kiren Rijiju) དབུས་ཡུལ་སྐོར་སྤྲོ་འཆམ་དང་རིག་གནས་བློན་ཆེན་སྐུ་ཞབས་མཱ་ཧ་ཤར་མཱ་ལགས། དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དང་རིག་གནས་བློན་ཆེན་སྐུ་ཞབས་པད་མ་མཁའ་འགྲོ་ལགས། ཨི་ཊ་ལིའི་radical party ཞེས་པའི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱ་ཁོ་ཕཱན་ནེལ་(Marco Pannella)ལགས་སོགས་གཙོས་བོད་དོན་རྒྱབ་སྐྱོར་བ་རྣམ་པ། གཞན་ཡང་སློབ་གྲྭ་ཁག་གི་དགེ་སློབ་དང་རྡ་སའི་ཉེ་འཁོར་གྱི་མི་མང་། དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་སྐྱ་སེར་ཕོ་མོ་སྟོང་ཕྲག་མང་པོ་འཛོམས་འདུག

མཛད་སྒོ་དབུ་འཛུགས་སྐབས་ཐོག་མར་༧གོང་ས་མཆོག་དབུས་པའི་བླ་ཆེན་རྣམ་པ་དང་མཛད་གཙོ་རྣམ་པ། སྐུ་མགྲོན་རྣམ་པ་བཞུགས་གྲལ་དུ་འཁོད་པའི་རྗེས། ཨ་རུ་ན་ཅལ་མངའ་གཞུང་གིས་༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་ཆེ་བསྟོད་ཚུལ་དུ་སྟོན་པ་ཤཀྱ་ཐུབ་པའི་སྐུ་འདྲ་ཞིག་དང་ཕྱག་རྟགས་སུ་ཕུལ་བ་དང་། སྐུ་མགྲོན་རྣམ་པ་སོ་སོས་༧གོང་ས་མཆོག་དགུང་གྲངས་བརྒྱུད་ཅུར་བཞེས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བ་དང་འབྲེལ་མགོན་པོ་གང་ཉིད་ཀྱི་རླབས་ཆེན་མཛད་འཕྲིན་ལ་བསྔགས་བརྗོད་གནང་གྲུབ་པ་དང་དུས་མཚུངས། བོད་ཆོལ་ཁ་གསུམ་གྱི་གཞས་སྣ་འཁྲབ་སྟོན་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུངས་བཤད། དེ་བཞིན་༧གོང་ས་མཆོག་དབུས་བླ་ཆེན་རྣམ་དང་སྐུ་མགྲོན་པ་ཡོངས་ཀྱིས་ཆོས་རའི་ནང་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་སོང་།

མཛད་སྒོའི་སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུས་པ་འབྲེལ། ༧མགོན་པོ་གང་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་ལམ་སྟོན་བསྩལ་བ་རྣམས་བདག་ཅག་དབུ་མང་ཡོངས་ནས་བཀའ་བཞིན་བསྒྲུབ་རྒྱུར་འབད་བརྩོན་སྔར་ལྷག་ཞུ་རྒྱུའི་དམ་བཅའ་དང་། ༧མགོན་པོ་གང་ཉིད་བདག་ཅག་བོད་འབངས་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པའི་གསོལ་འདེབས་དང་། ལྷག་པར་ལོ་ཤས་༧གོང་སྐྱབས་མགོན་ཆེན་པོ་གང་ཉིད་ནས་དགུང་གྲངས་ ༡༡༣ ལ་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་གནང་མྱོོང་བ་དེར། འགྱུར་བ་གཏན་ནས་མེད་པའི་གསོལ་འདེབས་ནན་པོ་ཞུ་ཡི་ཡོད། ༧གོང་ས་ཆེན་པོ་གང་ཉིད་ཀྱི་དབུ་ཁྲིད་འོག་བོད་བསྟན་སྲིད་མི་རིགས་ལ་ཞབས་ཞུ་སྒྲུབ་པའི་གོ་སྐབས་ཐོབ་པ་དེ་ཧ་ཅང་སྐལ་བ་བཟང་པོ་ཡིན་པའི་བཀའ་དྲིན་བསམ་ཤེས་ཡོད་ཅེས་དང་། མཇུག་མཐར་༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

tthupten 208སྐུ་མགྲོན་ཁག་གི་གསུང་བཤད་དང་ཆོལ་ཁ་གསུམ་གྱི་གཞས་སྣ་འཁྲབ་སྟོན། དབུས་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེའི་གསུང་བཤད་གནང་གྲུབ་པའི་རྗེས། ༧གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། ཁྱེད་རང་ཚོས་ང་ལ་བསྟོད་ར་འདྲ་པོ་བཏང་སྟེ་ངས་ཞེ་པོ་ཞིག་བྱེད་ཐུབ་ཀྱི་ཡོད་རེད་ཟེར་གྱི་འདུག དེ་འདྲ་གང་ཡང་མ་རེད། དངོས་ཡོད་གནས་ཚུལ་ག་རེ་རེད་ལབ་ན། ང་མི་གཅིག་ཡིན་པའི་ཆ་ནས་མིའི་རྣམ་དཔྱོད་དེར་གང་འཚམ་ཞིག་བསམ་བློ་བཏང་། ཚན་རིག་པ་དང་གོ་བསྡུར་བྱས། དེ་བཞིན་ཉམས་མྱོང་བརྗེ་རེས་བྱས་ནས་བསམ་བློ་གང་འཚམས་ཤིག་བཏང་། དེའི་བསམ་བློ་གཏོང་ཡ་ཡི་ལྡེ་མིག་འདྲ་པོ་དེ་ནཱ་ལེནྜའི་རྒྱ་གར་མཁས་པ་ཚོས་གསུངས་བཞག་པའི་ལྟ་གྲུབ་དེ་ཚོའི་ཐོག་ནས་བསམ་བློ་གཏོང་སྟངས་ཀྱི་སྒོ་འདྲ་པོ་ཞིག་ཕྱེ་ཡོང་གི་འདུག ལོ་བརྒྱད་བཅུ་ལ་བསླེབས་སོང་ལ་ད་ལྟ་བར་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན། ད་དུང་ལུས་པོ་འདིས་ག་ཚོད་འཚོ་འཚོ་བར་དུ་ཧུར་ཐག་བྱེད་རྒྱུ་ཡིན། ནམ་རྒྱུན་ནས་ངས་སྨོན་ལམ་རྒྱག་ཡ་ལ། བདག་གི་ལུས་དང་དེ་བཞིན་ལོངས་སྤྱོད་དང་།། དུས་གསུམ་དགེ་ཚོགས་ཕུང་པོ་ཅི་བྱེད་པ།། མ་གྱུར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། དེ་ནི་འཕངས་པ་མེད་པར་བཏང་བར་བྱ།། ཞེས་ཉིན་ལྟར་བསམ་བློ་དེ་བཏང་བསྡད་ཀྱི་ཡོད། དེ་གང་དྲན་བྱེད་ཀྱི་ཡིན། དེ་རིང་རྒྱ་གར་གྱི་སྐུ་མགྲོན་མི་སྣ་གལ་ཆེ་བ་དེ་འདྲ་བསླེབས་ཡོད་པ་རེད། ད་གིན་ཁྱེད་རང་གིས་གསུངས་སོང་། ངས་དེ་འདྲ་བཤད་བསྡད་ཡ་རྒྱ་གར་མཁས་པའི་གཞུང་ནས་རྙེད་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་བསམ་བློ་གཏོང་ཡག་གི་རྒྱུ་ཆ་འདྲ་པོ་མང་པོ་ཞིག་ཕྱུག་པོ་ཡོད་བསྡད་པ་དེ་རྒྱ་གར་གྱི་རིག་གཞུང་ཆགས་བསྡད་ཡོད་རེད། འཚམས་རེར་ངས་རྩེད་མོ་དང་སྦྲགས་བཤད་ཀྱི་ཡོད། ལོ་རྒྱུས་ཐོག་ནས་བརྩིས་ན་ཁྱེད་རང་ཚོ་འཕགས་པའི་ཡུལ་གྱི་མི་ཚོ་ཁྱེད་རང་ཚོ་ང་ཚོའི་དགེ་རྒན་རེད་ང་ཚོ་དགེ་ཕྲུག་རེད། དེ་རིང་ཁ་སང་ཤེས་ཚད་ཐོག་ནས་བཤད་པ་ཡིན་ན་དགེ་ཕྲུག་ཚོ་སྐྱོ་པོ་རང་ཡོད་མ་རེད་དཱ་ཟེར་ནས་བཤད་བསྡད་ཀྱི་ཡོད། གང་ལྟར་འཕགས་པའི་ཡུལ་གྱི་གནའ་རབས་ཀྱི་ཤེས་ཡོན་ཡོད་བསྡད་པ་དེར་རྒྱ་གར་བ་ཚོས་དོ་སྣང་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཕྱི་དངོས་པོའི་ཁྲ་ཁྲ་ཟིང་ཟིང་ཁོ་ནར་མགོ་འཁོར་ནས་དེ་དང་མཉམ་དུ་ལྐོག་ཟ་རུལ་སུངས་གང་འཚམ་ཡོད་པ་ཞིག་གི་ཐོག་ནས་ཕྱིན་པ་ཡིན་ན་དེ་རྒྱ་གར་གྱི་ཞབས་འདྲེན་རེད། དངོས་གནས་དྲང་གནས་རྒྱ་གར་གྱིས་དེང་དུས་ཀྱི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་དགོས་རྒྱུ་དེ་མེད་ཐབས་མེད་པ་ཞིག་ཆགས་ཡོད་པ་མ་ཟད། དེ་དང་ཆབས་གཅིག་ལོ་སྟོང་ཕྲག་མང་པོའི་གོང་ནས་ཡོད་བསྡད་པའི་ནང་བསམ་བློའི་ཤེས་ཡོན་དེ་ཚོ་ཡིན་ན་ཡང་བསྐྱར་དུ་ཞིབ་འཇུག་བྱས་ནས་བསྐྱར་གསོ་བྱ་རྒྱུ་དེ་གལ་ཆེན་པོ་རེད།

༧གོང་ས་མཆོག་གིས་མུ་མཐུད་བཀའ་གནང་དོན། ང་རང་ཚོ་བོད་པ་ཡིན་ཡང་དེ་དེ་བཞིན་བྱས་ནས་གནའ་རབས་ནས་ང་རང་ཚོར་ང་ཚོའི་མེས་པོ་ཚོས་དངོས་གནས་དྲང་གནས་བོད་པ་ཚོར་བསམ་བློ་གཏོང་ཡ་ཡི་རྒྱུ་ཆ་མང་པོ་ཞིག་བཞག་ཡོད་པ་རེད། ང་ཚོའི་བོད་ཡིག་ལ་ཆ་བཞག་པ་ཡིན་ན་ཡང་མི་འདྲ་བ་ཞིག་འདུག་གཱ དཔལ་ནཱ་ལེནྜའི་མཁས་པའི་ལྟ་སྒོམ་སྤྱོད་གསུམ་སྐོར་གྱི་འགྲེལ་བཤད་ཡོད་པ་དེ་ཚོ་བོད་ཡིག་དང་བོད་སྐད་ནང་ལ་འགྲེལ་བཤད་ཆ་ཚང་བརྒྱབ་ཐུག་ཡ་ཞིག་ཡོད་རེད། སྐད་ཡིག་གཞན་དག་ནང་ལ་བརྒྱབ་ཐུབ་ཡ་ཁག་པོ་ཞེ་དྲགས་རེད་བཞག འདི་བསམ་བློ་བཏང་བ་ཡིན་ན་ང་རང་ཚོ་བོད་པའི་སྐད་ཡིག་ལ་གཞི་ནས་ངོ་མཚར་སྐྱེ་ཡ་དང་གུས་སྤོབས་སྐྱེ་ཡ་ཞིག་འདུག བོད་ཡིག་དང་བོད་སྐད་ཟ་ཡ་འཐུང་ཡ་ཞིག་གི་སྒང་ལ་ཕྱིན་པ་ཡིན་ན། དེང་དུས་ཀྱི་ཤེས་ཡོན་སྡེ་ཚན་ནང་ལ་བོད་སྐད་ཀྱི་འདང་གི་མ་རེད། ཁོ་བེད་སྤྱོད་བྱས་ཡོད་མ་རེད། ཡར་རྒྱས་ཕྱིན་ཡོད་མ་རེད། དེ་རྒྱུ་མཚན་དུ་བྱས་ནས་བོད་ཡིག་བསླབ་ནས་ཆོ་མི་འདུག མི་ཚེ་སྐྱེལ་ཡ་ལ་ཕན་ཐོགས་མི་འདུག་ལབ་ན་ནོར་འཁྲུལ་རེད། དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་དངོས་པོ་ཡར་རྒྱས་ཚད་མཐོ་པོ་བསླེབས་པ་ཚོས་མ་འདང་ས་དེ་སེམས་ཀྱི་རྣམ་བཞག་ཆགས་ཡོད་པས། འཛམ་བུ་གླིང་ཡོངས་རྫོགས་ལ་མ་འདང་སའི་གནས་ཚུལ་གཅིག་ཡོད་བསྡད་པ་དེ། ང་ཚོ་བོད་པའི་ཤེས་ཡོན་ཐོག་ནས་ཕར་སྣོན་ཕན་རྒྱག་ཐུག་པའི་ཆ་རྐྱེན་དང་ནུས་པ་ཡོད་པའི་བཟོ་འདྲ་པོ་ཞིག་འདུག ཁྱེད་རང་ཚོ་ཕྲུག་གུ་ཚོ་ཡིན་ན་ཡང་ཕྱི་ལོགས་ཀྱི་ཁྲ་ཁྲ་ཟིང་ཟིང་དེ་ཚོ་རྐྱང་རྐྱང་ལ་བསམ་བློ་མི་གཏོང་བར། ང་རང་ཚོའི་མེས་པོས་བཞག་པའི་ནང་སེམས་ཁམས་རིག་པའི་ཐོག་ལ་བཤད་བཞག་པ་དེ་ཚོའི་ཐོག་ལ་དོ་སྣང་མང་ཙམ་བྱེད་དགོས་པ་རེད་ཅེས་སོགས་གསུངས་སོང་།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།