བོད་ཀྱི་བུད་མེད་ལ་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ་ཡོང་ཐབས་དགོས།
ཟླ་འདིའི་ཚེས་༤ ཉིན་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་རྣམས་ལ་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དེ་འགོ་འཛུགས་བྱས་པ་དང་། རྒྱ་གར་གྱི་ཁྲིམས་ཐོག་ནས་བོད་ཀྱི་བུད་མེད་དང་བྱིས་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་རྩ་གང་ཡོད་ངོ་སྤྲོད་ཅེས་པའི་ལག་དེབ་དབྱིན་བོད་གཉིས་ནང་པར་སྐྲུན་དང་དབུ་འབྱེད་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༤ ཉིན་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་རྣམས་ལ་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དེ་འགོ་འཛུགས་བྱས་པ་དང་། རྒྱ་གར་གྱི་ཁྲིམས་ཐོག་ནས་བོད་ཀྱི་བུད་མེད་དང་བྱིས་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་རྩ་གང་ཡོད་ངོ་སྤྲོད་ཅེས་པའི་ལག་དེབ་དབྱིན་བོད་གཉིས་ནང་པར་སྐྲུན་དང་དབུ་འབྱེད་གནང་ཡོད་པ་རེད།
ཟབ་སྦྱོང་དེ་ཉིན་བཞིའི་རིང་འཚོགས་གི་ཡོད་པ་དང་། དེར་འཛུལ་ཞུགས་བྱེད་མཁན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ནས་བུད་མེད་ཚོགས་པའི་ཚོགས་མི་དང་། དེ་བཞིན་ན་གཞོན་ཕོ་བཅས་མི་ལྔ་བཅུ་ལྷག་ཡོད་པའི་ནང་སྐྱེས་པ་དྲུག་ཙམ་ཡོད་པ་རེད།
ཉིན་དང་པོའི་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། རྒྱ་གར་གྱི་སྤྱི་ཚོགས་ཚན་རིག་གི་ཆེད་མཁས་པ། ལྷོ་ཨེ་ཤ་ཡའི་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་གནད་སྐོར་གྱི་ཟབ་ཁྲིད་པ་ཀརྨལ་བྷ་སན་གཉིས་ཀྱིས་སྤྱིར་བུད་མེད་ཀྱི་ཐོབ་ཐང་དང་། བོད་ཀྱི་བུད་མེད་ཀྱི་གནས་བབས་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༣ ཉིན་ཟབ་སྦྱོང་ནང་འཛུལ་ཞུགས་བྱེད་མཁན་རྣམས་དང་གོ་སྒྲིག་པ་རྣམས་ཀྱིས། རྒྱལ་བ་༸ཀརྨ་པར་མཇལ་ཁ་ཞུས་པ་དང་། ཁོང་གིས་མཛད་པའི་<<བསམ་བློ་བརྒྱུད་ནས་ཕོ་མོའི་ངོ་རྟགས་>>ཅེས་པའི་དཔེ་དེབ་ཀྱི་ལེ་ཚན་“ཕྱི་ནང་གཉིས་ནས་འཛམ་གླིང་འདི་འཕོ་འགྱུར་འགྲོ་བར་སེམས་ནི་ཁྱད་ནོར་ཁོ་ན་ཡིན་”ཞེས་པའི་ཐོག་དྲི་བ་འདྲི་ལན་ཞུས་ཡོད་པ་རེད།
ཟབ་སྦྱོང་དེའི་ཐོག ཕོ་མོ་དབྱེ་འབྱེད། ཕ་རྒྱུད་དུས་རབས་ཀྱི་ལོ་རྒྱུས། ཕོ་མོའི་ངོ་རྟགས་ཀྱི་སྐོར་དང་། བུད་མེད་རྣམས་བག་འཁུམས་ལས་གྲོལ་ནས་ནུས་སྟོབས་མཐོར་འདེགས་གཏོང་ཚུལ། སྤྱི་ཚོགས་འགྲོག་འདྲིས་ཀྱི་ཐབས་ལམ། སྤྱི་ཚོགས་ཀྱི་ཁོར་ཡུག་ཁྱོན་ཡོངས་ནས་ཆགས་སྲེད་ཀྱི་གནོད་འཚེ་ཐེབས་སྟངས་དང་། ཆགས་སྲེད་གནོད་འཚེ་ཡིས་ཐེབས་པའི་བག་ཆགས་དང་བསམ་བློའི་གནོན་ཤུགས་གང་ཡོད་བཅས་ངོས་འཛིན་དང་སྦྲགས་ནས། བོད་ཀྱི་ནུས་སྟོབས་མཐོར་འདེགས་ཅི་ལྟར་དགོས་ཚུལ། གོམ་གང་མདུན་སྤོས་ཀྱི་སྒོ་ནས་བུད་མེད་རྣམས་ལ་བདེ་འཇགས་ཀྱི་ཁོར་ཡུག་ཅིག་དང་། གཅིག་མཚུངས་ཀྱི་ངོས་འཛིན། འདྲ་མཉམ་གྱི་གོ་སྐབས་ལོངས་སུ་སྤྱོད་རྒྱུར་འབད་བརྩོན་དགོས་ངེས་ཡིན་སྐོར་བུད་མེད་ཚོགས་པའི་ངོས་ནས་སྦྲགས་འདུག
དེ་བཞིན་ཟབ་སྦྱོང་དེའི་ཐོག་རྒྱ་གར་གྱི་ཁྲིམས་ཐོག་ནས་བུད་མེད་དང་བྱིས་པ་སྲུང་སྐྱོབ་ཀྱི་ཁྲིམས་རྩ་གང་ཡོད་ངོ་སྤྲོད་དང་། དེ་བེད་སྦྱོད་གཏོང་སྟངས། ལག་བསྟར་བརྡ་འདེད་གཏོང་སྟངས་བཅས་ཡིན་པ་རེད།
ཐེངས་འདིའི་ཟབ་སྦྱོང་ནང་འཛུལ་ཞུགས་བྱེད་མཁན་ཁག་ཅིག་ལ་བཅར་འདྲི་བྱས་པར། འབྲུག་ལྡན་སྐྱིད་ཀྱིས། “ཟབ་སྦྱོང་འདི་ཁྲིམས་ཐོག་ནས་བུད་མེད་ཚོས་ག་རེ་བྱེད་དགོས་མིན་སྐོར་ཡིན་པས། གལ་ཆེན་པོ་མཐོང་སོང་། བུད་མེད་ལ་དཀའ་ངལ་འཕྲད་སྐབས། ཁྲིམས་ཐོག་ག་རེ་བྱེད་དགོས་མིན་ཤེས་ཀྱི་མེད་པས། རྔམས་སྐྲག་བྱས་ཏེ་ཁྲིམས་ཐོག་ནས་གང་ཡང་བྱེད་ཤེས་ཀྱི་མེད་པ་རེད། ང་ཚོ་རྒྱ་གར་ནང་དུ་འདུག་སྐབས་རྒྱ་གར་གྱི་ཁྲིམས་ཐོག་ནས་ག་འདྲ་འགྲོ་དགོས་མིན་དང་། ཁྲིམས་ཐོག་ནས་དཀའ་ངལ་སེལ་ཐབས་དགོས་པ་དེ་གལ་ཆེན་པོ་མཐོང་སོང་། ཟབ་སྦྱོང་འདིའི་ཐོག་མཉམ་ཞུགས་བྱས་ཏེ། སྒེར་ཙམ་མ་ཡིན་པར་སོ་སོའི་ས་གནས་སུ་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག་”ཅེས་བརྗོད་སོང་།
སཱ་ར་བོད་ཀྱི་མཐོ་སློབ་ལས་ཁུངས་ཀྱི་དྲུང་ཡིག་བསྟན་འཛིན་མཚན་ཉིད་ལ་བཅར་འདྲི་བྱས་པར། ཁོང་གིས། སྤྱི་ཚོགས་ནང་བུད་མེད་སྐོར་གྱི་རྙོག་གྲ་དང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་སྐོར་སོགས་མང་པོ་ཡོད་པ་རེད་མོད། བོད་པའི་སྤྱི་ཚོགས་ནང་དེ་ཙམ་དཀའ་ངལ་ཡོད་པ་མ་རེད། ཡིན་ནའང་བོད་ཀྱི་བུད་མེད་ཚོར་སྡིངས་ཆ་ག་ཚོད་བསྐྲུན་ནའང་། དེའི་ཐོག་ལངས་མ་ཐུབ་པའི་ངོ་ཚ་ཞིག་ཡོད་པ་རེད། ང་རང་ཡང་དེ་འདྲར་ལངས་རྒྱུར་ངོ་ཚ་ཡོད་པས། སྤྱི་ཚོགས་ནང་ལངས་ཐུབ་པའི་ཆེད་དུ་སྦྱོར་བརྡར་འདིར་ཡོང་བ་ཡིན། བུད་མེད་ཚོགས་པའི་ཁྲིམས་ཐོག་ནས་ཟབ་སྦྱོང་འདིར་དུས་ཚོད་དང་རན་པ་ཞིག་རེད། བོད་ཀྱི་ཁྲིམས་ཐོག་ཏུ་བུད་མེད་ཀྱི་སྐོར་ཞེ་དྲག་གསལ་པོ་མེད་པ་དང་། བུད་མེད་ཚོར་ཁྲིམས་ཀྱི་གོ་རྟོགས་མེད་པའི་དཀའ་ངལ་ཡོད་པ་རེད། འདིར་རྒྱ་གར་གྱི་བུད་མེད་ཀརྨལ་བྷ་སན་གྱིས་ཟབ་སྦྱོང་སྤྲོད་ཀྱི་ཡོད་པས། ང་རང་ལ་མང་པོ་ཤེས་ཀྱི་ཡོད་པ་རེད་བསམ་གྱི་འདུག་”ཅེས་བརྗོད་སོང་།