གཞོན་ལྷན་གྱི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོགས་མི་ཚོར་འབོད་སྐུལ་བྱེད་ཀྱི་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པར་གཞོན་ལྷན་གྱི་སྒྲིག་གཞིར་བཟོ་བཅོས་ཀྱིས་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ད་ནས་བཟུང་གཞོན་ལྷན་གྱི་ཚོགས་མིར་ངོས་ལེན་མེད་པའི་ཐག་གཅོད་བྱས་པ་དང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པར་གཞོན་ལྷན་གྱི་སྒྲིག་གཞིར་བཟོ་བཅོས་ཀྱིས་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ད་ནས་བཟུང་གཞོན་ལྷན་གྱི་ཚོགས་མིར་ངོས་ལེན་མེད་པའི་ཐག་གཅོད་བྱས་པ་དང་། རྒྱུན་ལས་གསར་པ་དང་ཚོགས་མི་ཚོར་མུ་མཐུད་འབྲེལ་ལམ་ཡོང་ཐབས་བྱེད་ཀྱི་ཡིན་པ་རེད།

photoཟླ་འདིའི་ཚེས་༢༩ ཉིན་གྱི་སྔ་དྲོ་དྷ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁུངས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། དེར་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་། ཚོགས་གཞོན་རྟ་མགྲིན་སྲིད་ཆོས། དྲུང་ཆེ་བཀྲིས་ལམ་བཟང་བཅས་ཀྱིས་གཞོན་ལྷན་གྱི་ས་གནས་ཁག་བརྒྱད་འབྲེལ་བའི་སྐོར་གསལ་བཤད་བྱས་ཡོད་པ་རེད།

གཞོན་ལྷན་གྱིས་གསལ་བསྒྲགས་དེའི་ནང་འཁོད་དོན། དེ་ཡང་སྤྱི་ལོ་ ༢༠༡༣ ཟླ་བ་ ༦ ཟླ་མགོར་སྤེལ་ཀོབ་ས་གནས་གཞོན་ལྷན་གྱི་རྒྱུན་ལས་ནས་ས་གནས་གཞོན་ལྷན་གྱི་མཚན་བྱང་བརྗེ་བསྒྱུར་བྱས་ཏེ་ས་གནས་མི་དགོས་པར་ཐད་ཀར་སྦེལ་ཀོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཞེས་བཟོ་བཅོས་གནང་བའི་གནས་ཚུལ་ཞིག་གསར་འགྱུར་བརྒྱུད་ལམ་ནས་ཐོས་པར་འཕྲལ་མ་ཉིད་དུ་འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྦེང་ལོར་དང་ཀོ་ལི་ཀལ་ས་གཞོན་སོགས་སུ་ཞལ་པར་བརྒྱུད་འབྲེལ་ལམ་ཞུས་ནས་ཆབ་སྲིད་དང་འབྲེལ་བའི་ལས་དོན་གལ་ཆེའི་རིགས་དང་། མཚན་བྱང་བརྗེ་བསྒྱུར་སོགས་ཀྱི་ཐལ་ཆེའི་ཐག་གཅོད་རིགས་མི་གནང་བའི་འབོད་སྐུལ་ཞུས་པར་གསན་བཞེས་ཅི་ཡང་མ་གནང་བར། སྤྱི་ལོ་ ༢༠༡༣ ཟླ་བ་ ༦ ཚེས་ ༡༩ ཉིན་ས་གནས་ཁག་གི་རྒྱུན་ལས་བཅུ་གཅིག་མེ་སོར་གྲོང་ཁྱེར་ནང་ལྷན་འཛོམས་ཀྱིས་ཚོགས་འདུ་ཚོགས་ནས་གྲོས་ཆོད་བདུན་ཅན་ཞིག་བཞག་སྟེ་གཞོན་ལྷན་གྱི་སྒྲིག་གཞིར་བཟོ་བཅོས་བྱས་པ་དང་། སྒྲིག་འཛུགས་ཀྱི་མིང་བྱང་ལ་ས་གནས་ཞེས་འབྲི་མི་དགོས་པར། ལས་ཤོག་དང། ལས་དམ། ཡིག་སྣོད་སོགས་སུ་ཡང་སྒྲིག་འཛུགས་ཀྱི་མིང་བྱང་གོང་ཞུས་ཀྱི་ཚིག་དོན་ལྟར་བཀོད་རྒྱུའི་ཐག་གཅོད་བྱས་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མ་བྱུང་བར་དབུས་རྒྱུན་གསར་པ་རྣམས་ལ་ཡིག་འབྲེལ་སོགས་གང་ཅིའི་ཐད་འབྲེལ་བ་ནམ་ཡང་བྱེད་རྒྱུ་མིན་པའི་བསམ་བརྗོད་ལས་འདས་པའི་ཐལ་ཆེའི་ཐག་གཅོད་ཀྱི་གྲོས་ཆོད་ཀྱང་བཞག་ཡོད་པ་རེད།

གོང་ཞུས་ས་གནས་ཁག་ནས་དབུས་གཞོན་ལྷན་ནས་འབོད་སྐུལ་ཇི་ཞུས་ལ་མ་གསན་པར་ཧོལ་རྒྱུག་དང་ཐལ་ཆ་ཆེ་བའི་ཐག་གཅོད་གནང་མིན་ཇི་ལྟར་ཡང་ས་གནས་ཁག་བརྒྱད་ལ་དབུས་གཞོན་ལྷན་གྱི་ངོས་ནས་སྔ་ཕྱི་བར་གསུམ་དུ་ས་གནས་ཁག་གཞན་ལྟར་གཅིག་མཚུངས་ཀྱིས་འབྲེལ་ལམ་ཞུ་མུས་སུ་ཡོད་པ་མ་ཟད། ས་གནས་ཁག་བརྒྱད་ཀྱི་གནད་དོན་དེ་བཞིན་གསར་འགྱུར་བརྒྱུད་ལམ་སོགས་སུ་རྙོག་གླེང་འགྲོ་མི་དགོས་པར་བབས་ལྷིང་བརྟན་གསུམ་གྱི་སྒོ་ནས་གཞོན་ལྷན་ནང་ཁུལ་ཕན་ཚུན་འགྲིག་འཇགས་ཡོང་ཐབས་སུ་དབུས་སྤྱི་ཁྱབ་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་གསུམ་གྱིས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས། སྔ་རྗེས་སུ་དབུས་རྒྱུན་ནང་ཁུལ་ཚོགས་འདུ་རིམ་པར་ཚོགས་ནས་སྦྱང་བཤད་ཀྱིས་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་གནང་རྗེས། སྤྱི་ལོ་ ༢༠༡༣ ཟླ་བ་ ༡༠ ཚེས་ ༡༠ ཉིན་ས་གནས་ཁག་བརྒྱད་ལ་ཆེད་དུ་ཡི་གེ་རེ་རེ་འབུལ་ལམ་ཞུས་ནས་སྤྱིར་གཞོན་ལྷན་གྱི་གལ་གནད་རང་བཞིན་འབྲེལ་བརྗོད་དང་ལྷན་དུ་བར་ལམ་གྱི་གླེང་ཕྱོགས་དང་འབྲེལ་བའི་ཚོགས་ཆེན་གྱི་ཟུར་རྒྱན་གྲོས་ཆོད་ཁག་གསལ་འདོན། བཀའ་བློན་ཁྲི་ཟུར་མཁས་དབང་བཟང་གདོང་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གསལ་བཤད་དང་ནན་བརྗོད། ས་གནས་རྒྱུན་ལས་ཁག་ནས་གཞོན་ལྷན་གྱི་སྒྲིག་གཞིའི་དམིགས་ཡུལ་བཟོ་བཅོས་སོགས་ཀྱི་ཐལ་ཆེའི་ཐག་གཅོད་རྣམས་གསལ་སྟོན་གྱིས་གཞི་རྩའི་གཞོན་ལྷན་གྱི་སྒྲིག་གཞིའི་འབྲུ་དོན་འགྲེལ་བརྗོད་བྱས་ཡོད།   སྐབས་དེར་ས་རྒྱུན་ཁག་ནས་ཐལ་ཆེའི་ཐག་གཅོད་གནང་ཡོད་པར་མ་ལྟོས་པར་མ་འོངས་གཞོན་ལྷན་གྱི་དམིགས་ཡུལ་དགོངས་དོན་རང་གནས་ཐོག་གཞོན་ལྷན་གྱི་ཁྱབ་ཁོངས་འོག་ལས་དོན་ཁག་གི་ནང་སྔར་རྒྱུན་བཞིན་མཉམ་བཞུགས་གནང་རྒྱུ་སོགས་ཀྱི་རེ་སྐུལ་ཞུས་པ་མ་ཟད། ས་གནས་ཁག་བརྒྱད་ཀྱི་གནད་དོན་དེ་གལ་ཆེ་དོན་ཆེར་བརྩིས་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྤྱི་ཁྱབ་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ་བཅས་འབྲེལ་ཡོད་ས་གནས་ཁག་ལ་དངོས་སུ་བསྐྱོད་ནས་ས་གནས་རྒྱུན་ལས་དང། ཚོགས་མི། དེ་བཞིན་མི་དམངས་དང་བཅས་པར་ཕན་ཚུན་གོ་བསྡུར་ལྷུག་པོར་གནང་རྒྱུར་དུས་ཚོད་གཏན་ཁེལ་གནང་རྒྱུའི་རེ་སྐུལ་ཡང་ཞུས་ཡོད།

འོན་ཀྱང་གོང་ཞུས་ས་གནས་ཁག་བརྒྱད་ཀྱི་སྐབས་དེའི་རྒྱུན་ལས་ནས་གཅིག་མཚུངས་ཀྱིས་སླད་གཞི་མེད་འབྲེལ་མཐུད་བྱ་རྒྱུའི་འདུན་པ་དང་རེ་བ་ནི་སྟོང་པ་རང་ཡིན་པ་དང། ཚོགས་ཆེན་ཐོག་ས་གནས་ཁག་བརྒྱད་ནས་ཕུལ་བའི་ཡིག་ཆར་རྩ་འཛིན་གྱིས་ལག་ལྟར་བྱ་རྒྱུར་ང་ཚོའི་ཐག་གཅོད་ལ་འགྱུར་བ་གང་ཡང་མེད་ཅེས་དབུས་རྒྱུན་ལས་དང་འབྲེལ་ལམ་བྱེད་རྒྱུ་མིན་པར་ཨུ་ཚུགས་མཐར་སྐྱེལ་བྱས་ཡོད་པ་རེད།

སྤྱི་ལོ་ ༢༠༡༤ བོད་མིའི་སྒེར་ལངས་གོམ་བགྲོད་ལེགས་པར་གྲུབ་རྗེས་སུ་སླར་ཡང་ས་གནས་ཁག་ལ་འབྲེལ་ལམ་ཞུས་ནས་དབུས་སྤྱི་ཁྱབ་ཚོགས་གཙོ་དང་། ཚོགས་གཞོན།དྲུང་ཆེ་བཅས་ས་གནས་ཁག་ལ་བཅར་རྒྱུར་ས་གནས་རྒྱུན་ལས་རྣམས་ནས་ཐུག་འཕྲད་གནང་རྒྱུའི་རེ་སྐུལ་ཞུས་ཀྱང་གསན་འཇོག་མ་གནང་སྟབས།མཐར་སྤྱི་ལོ་ ༢༠༡༤ ཟླ་བ་ ༤ ནང་སྤྱི་ཁྱབ་ཚོགས་གཙོ་དང་།ཚོགས་གཞོན། དྲུང་ཆེ། དཔལ་འབྱོར་འགན་འཛིན་བཅས་དངོས་སུ་ལྷོ་ཕྱོགས་ལ་བསྐྱོད་ནས་ས་གནས་རྒྱུན་ལས་དང་ཐུག་རྒྱུའི་འབད་བརྩོན་བྱས་ཀྱང་སྐབས་དེའི་སྦེལ་ཀོབ་དང། ཧོན་སུར། ཀོ་ལི་གལ་བཅས་ཀྱི་ས་གནས་རྒྱུན་ལས་རྣམས་ཀྱིས་རྩ་བ་ནས་ཐུག་འཕྲད་གནང་མེད།འོན་ཀྱང་མོན་གོ་ས་གནས་རྒྱུན་ལས་དང་།སྦེང་ལོར་ས་གནས་རྒྱུན་ལས་ལ་ཐུག་འཕྲད་ཀྱིས་ཕན་ཚུན་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང།དེ་བཞིན་ས་གནས་ཁག་གི་རྒྱུན་ལས་ཟུར་པ་དང་གནད་ཡོད་མི་སྣ་གང་མང་ཞིག་དང་ཕན་ཚུན་ཐུག་འཕྲད་ཀྱིས་ས་གནས་ཀྱི་གནས་བབ་དང་གཞོན་ལྷན་ཆིག་སྒྲིལ་ཡོང་ཐབས་ཀྱི་གྲོས་བསྡུར་ལྷུག་པོར་བྱ་རྒྱུའི་གོ་སྐབས་ཡང་བྱུང་ཡོད་པ་རེད།

གཞན་ཡང་སྤྱི་ལོ་ ༢༠༡༤ ཟླ་བ་ ༤ ཚེས་ ༢༤ ཉིན་འདི་གའི་སྤྱི་ཁྱབ་དྲུང་ཆེ་དང་སྒྲིག་འཛུགས་འགན་འཛིན་གཉིས་ཌལ་ཧོར་ས་གནས་ལ་ཆེད་དུ་བསྐྱོད་ནས་ལས་ཐོག་ས་གཞོན་རྒྱུན་ལས་རྣམས་དང་ཕན་ཚུན་ས་གནས་ཁག་བརྒྱད་ཀྱི་གནད་དོན་འགྲིག་འཇགས་ཡོང་ཐབས་ཆེད་དགོངས་ཚུལ་ལྷུག་པོར་གསུངས་ཐུབ་པ་བྱུང་བ་དང། སྤྱི་ལོ་ ༢༠༡༤ ཟླ་བ་ ༥ ཚེས་ ༤ དགོང་མོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་དང་ཚོགས་གཞོན། ཟུང་དྲུང་བཅས་རྡ་ས་ནས་ལ་དྭགས་གླེ་རུ་ཕྱོགས་ཐོན་གྱིས་སྤྱི་ཚེས་ ༧ ཉིན་ལ་དྭགས་གླེ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཐོག་རྒྱུན་ལས་དང་རྒྱུན་ཟུར་བཅས་ལྷན་དུ་ཚོགས་འདུ་ཚོགས་ནས་ས་གནས་ཁག་ཆིག་སྒྲིལ་ཡོང་ཐབས་ཆེད་ཕན་ཚུན་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད། དེ་བཞིན་སྤྱི་ལོ་ ༢༠༡༤ ཟླ་བ་ ༥ ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་དང་ཟུང་དྲུང་གཉིས་ནས་པོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཐུག་འཕྲད་ཀྱིས་ཕན་ཚུན་དགོངས་ཚུལ་གསུངས་ཡོད་པ་རེད།

འདི་ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པར་ས་གནས་ཚང་མའི་སྐུ་ཚབ་ཚོགས་བཅར་དགོས་པའི་བཀོད་ཁྱབ་ཡི་གེ་ཞིག་སྤྱི་ལོ་༢༠༡༤ ཟླ་བ་ ༥ ཚེས་ ༢༡ ཉིན་ས་གནས་ཁག་བརྒྱད་ལ་ས་གནས་གཞོན་ལྷན་གཞན་ལྟར་གཅིག་མཚུངས་སུ་བཏང་ནས་ས་གནས་ཀྱི་རྒྱུན་ལས་གཉིས་རེ་ཚོགས་བཅར་ཡོང་བའི་རེ་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་པ་དང། སྤྱི་ལོ་༢༠༡༤ ཟླ་བ་ ༧ ཚེས་ ༢༡ ཉིན་སླར་ཡང་ས་གནས་ཁག་བརྒྱད་ལ་ཆེད་དུ་ཡི་གེ་རེ་རེ་འབུལ་ལམ་ཞུས་ནས་འགན་ལྷན་ཐེངས་ ༤༥ པའི་གྲོས་གཞི་དོན་ཚན་བདུན་པའི་འོག་ས་གནས་ཁག་བརྒྱད་དང་འབྲེལ་བའི་གཞོན་ལྷན་ནང་ཁུལ་གྱི་གནད་དོན་ཐོག་གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་ལྷུག་པོར་གནང་ཐུབ་པ་ཡོང་ཐབས་སུ་དུས་ཡུན་ཉིན་གཅིག་གི་དུས་ཚོད་གཏོང་གཏན་ཁེལ་བར་ས་གནས་ཁག་གི་སྐུ་ཚབ་འགན་ལྷན་ལ་ངེས་པར་ཕེབ་གནང་ཡོང་བའི་འབོད་སྐུལ་ཤུགས་ཆེར་ཞུས་པ་མ་ཟད། འགན་ལྷན་གོ་སྒྲིག་ཚོགས་ཆུང་དབུས་རྒྱུན་ལས་དང་སྒང་ཏོག་ས་གནས་རྒྱུན་ལས་ནས་ཀྱང་ཞལ་པར་བརྒྱུད་ནས་འབོད་སྐུལ་ཤུགས་ཆེར་ཞུས་ཀྱང་ཚོགས་བཅར་གནང་མེད།

དེ་ལྟར་གཞོན་ལྷན་གྱི་ས་གནས་ཁག་བརྒྱད་དང་འབྲེལ་བའི་གནད་དོན་ནང་ཁུལ་ནས་འགྲིག་འཇགས་ཡོང་ཐབས་ཀྱི་འབད་རྩོལ་ལ་འབྲེལ་ཡོད་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་རྒྱུན་ལས་རྣམས་ནས་ཁོང་རྣམ་པའི་ཐག་གཅོད་ལ་འགྱུར་བ་རྩ་བ་ནས་མེད་པའི་རྣམ་འགྱུར་འོག་ནང་ཁུལ་འགྲིག་འཇགས་ཡོང་ཐབས་ལ་རེ་བ་ཞིག་མི་མངོན་ཡང། ས་གནས་རྒྱུན་ལས་གསར་པ་དང་། ས་རྒྱུན་ཟུར་པ། དེ་བཞིན་ཚོགས་མི་སྒེར་པ་ཁག་གཅིག་གིས་ནང་ཁུལ་འགྲིག་འཇགས་ཡོང་རྒྱུའི་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པར་འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དགའ་གུས་ཆེན་པོས་བསྔགས་བརྗོད་ཞུ་རྒྱུ་དང་། ད་ཐེངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པར་ས་གནས་ཁག་བརྒྱད་ནས་གཞོན་ལྷན་གྱི་སྒྲིག་གཞི་དང་འགལ་བའི་ཐལ་ཆེའི་ཐག་གཅོད་དང་འབྲེལ་བའི་གྲོས་ཆོད་ཁག་གསུམ་བཞག་པ་ལག་བསྟར་གྱིས། ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོགས་མི་ཚོར་རིམ་པས་འབྲེལ་ལམ་ཞུས་ཏེ་མི་རིང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཆིག་སྒྲིལ་གྱིས་བོད་ཕྱི་ནང་གི་སྤུན་ཟླ་ཡོངས་བློ་ཕམ་མི་ཡོང་བ་བྱ་རྒྱུའི་འབད་རྩོལ་ལྷོད་མེད་བྱ་རྒྱུ་ཡིན།

ས་གནས་ཁག་བརྒྱད་ཀྱི་ཐོག་གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐོག་གི་གྲོས་ཆོད།
༡གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ནས་ས་གནས་ཁག་བརྒྱད་ལ་དུས་ཡུན་ལོ་གཅིག་རིང་འགྲིགས་ཆགས་ཡོང་ཐབས་ཀྱི་འབད་བརྩོན་རིམ་པར་བྱས་ཀྱང་དོན་འབྲས་མ་སོན་སྟབས།ད་ཐེངས་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་ལྷོ་ཕྱོགས་ཀྱིས་གཙོས་པའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཚོས་གཞོན་ལྷན་གྱི་སྒྲིག་གཞིར་རང་དགར་བཟོ་བཅོས་བྱས་པའི་ཐལ་ཆེའི་བྱ་སྤྱོད་དེས།ད་ལྟའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་རྩིས་མེད་བཏང་བ་མ་ཟད།ལོ་ངོ་༤༥རིང་བོད་བསྟན་སྲིད་ཆེད་ཞབས་འདེགས་ཞུས་དང་ཞུ་བཞིན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཅིག་ལ་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་ངོས་འཛིན་ཞུ་རྒྱུ།

༢ སྦེལ་ཀོབ་ས་གནས་གཞོན་ལྷན་དང་། ཧོན་སུར་ས་གནས་གཞོན་ལྷན།ཀོ་ལི་ཀལ་ས་གནས་གཞོན་ལྷན། མོན་གྷོ་ས་གནས་གཞོན་ལྷན།སྦེང་ལོར་ས་གནས་གཞོན་ལྷན། ཌལ་ཧོར་ས་གནས་གཞོན་ལྷན། ལ་དྭགས་ས་གནས་གཞོན་ལྷན།སྤོན་ཊོ་ས་གནས་གཞོན་ལྷན་བཅས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ནས།བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གལ་གནད་ཆེ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་།མང་གཙོའི་ལམ་ལུགས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་གཞོན་ལྷན་དམིགས་ཡུལ་སྒྲིག་གཞིར་རང་དགར་བཟོ་བཅོས་བྱས་པ་མ་ཟད།ས་གནས་གཞོན་ལྷན་གྱི་མཚན་བྱང་དང་བོད་ཀྱི་གཞོན་ལྷན་གྱི་ངོ་སྤྲོད་ལག་ཁྱེར་ཡང་གསར་བཟོ་བྱས་པ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་ཡོངས་སུ་འགལ་བའི་ཐལ་ཆེའི་ཐག་གཅོད་ཅིག་ཡིན་པ་མ་ཟད།བཟང་སྤྱོད་དང་འགལ་བའི་ཚབས་ཆེའི་ལས་དོན་ཞིག་ཡིན་པས།ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་སྐབས་དེའི་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ད་ནས་བཟུང་གཞོན་ལྷན་ཚོགས་མི་ཡིན་པར་ངོས་ལེན་མེད་པའི་ཐག་གཅོད་བྱ་རྒྱུ།

༣ ད་རེས་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོགས་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོགགཞོན་ལྷན་གྱི་སྒྲིག་གཞིར་རྩ་འཛིན་གྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྨན་པའི་ལས་དོན་རྒྱུན་སྐྱོང་གནང་རྒྱུའི་འབོད་སྐུལ་ཞུ་བ་དང་ཆབས་ཅིགམ་འོངས་པར་ས་གནས་ཁག་བརྒྱད་ཀྱི་གནད་དོན་ཐོག་ཐག་གཅོད་ཅི་ཞིག་གནང་དགོས་ཀྱང་དབང་ཚད་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ལ་འགན་ལྷན་འདིའི་ཐོག་ནས་ཕུལ་བ་ཡིན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།