རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ཆེད་མཁས་པས་རྒྱ་ནག་ལ་སྐྱོན་བརྗོད།
ཕྱི་ཚེས་༡༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་སྲིད་གཞུང་གིས་ཁྲིམས་རྩོད་པའི་ཐོག་ཏུ་སྤེལ་བའི་བཙན་གནོན་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་འདུག
ཕྱི་ཚེས་༡༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་སྲིད་གཞུང་གིས་ཁྲིམས་རྩོད་པའི་ཐོག་ཏུ་སྤེལ་བའི་བཙན་གནོན་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་འདུག
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་གནས་སྟངས་བརྟག་ཞིབ་ཚོགས་ཆུང་གིས་སྤེལ་བའི་སྙན་ཐོ་ལ་གཞིགས་ན། འདི་ལོའི་ཕྱི་ཟླ་༧ པའི་ཚེས་༩ ནས་ད་ལྟའི་བར། ཁྲིམས་རྩོད་པ་༢༠༥ དང་ཁྲིམས་རྩོད་ལས་དོན་ཁང་གི་ལས་བྱེད་མི་སྣ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་དང་། བཙན་ཁྲིད། བཀག་ཉར། གར་སོང་ཆ་མེད། འབོད་འགུག དེ་བཞིན་དུས་ཚོད་ཐུང་ངུའི་ནང་ལྟ་སྲུང་འོག་བཞག་པ་བཅས་བྱས་ཡོད་ཅིང་། དེའི་ཁྲོད་ཀྱི་ཁྲིམས་རྩོད་པ་མང་ཤོས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ངོ་ཚབ་པ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ལ། ལྷག་པར་དུ་གཞུང་དང་ལྟ་བ་མི་མཐུན་པའི་གསར་འགོད་པ་དང་། སྒྱུ་རྩལ་བ་གྲགས་ཅན་སོགས་ཀྱང་ཚུད་ཡོད་པ་རེད།
ཕྱི་ཟླ་༧ པའི་ཚེས་༡༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྟག་ཞིབ་ཆེད་མཁས་པས་<<དུས་དངོས་ཚོང་ལས་གསར་འགྱུར་>> ལ་བརྗོད་དོན། གལ་ཏེ་ཉེས་མིང་མེད་པ་ཡིན་ན། རྒྱ་ནག་སྲིད་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པ་རྣམས་ངེས་པར་དུ་གློད་གྲོལ་གཏོང་དགོས། ཡིན་ནའང་གལ་སྲིད་ཁོང་ཚོ་ཁྲིམས་འགལ་གྱི་ཉེས་མིང་འོག་ཁྲིམས་ལ་སྦྱོར་བ་ཡིན་ན། ཁྲིམས་ལུགས་ཀྱི་བརྒྱུད་རིམ་ཆ་ཚང་ངེས་པར་དུ་འགྲོ་དགོས་པ་དང་། ལྷག་པར་དུ་མགྱོགས་མྱུར་ངང་རང་དབང་ཅན་གྱི་ཁྲིམས་ལུགས་སློབ་སྟོན་པ་དང་མཇལ་འཕྲད་བྱ་བཅུག་དགོས།”
རྒྱལ་ཚོགས་ཀྱི་ཆེད་མཁས་པས་བཀག་ཉར་འོག་ཡོད་པའི་མི་༡༠ ཡི་ལུས་སེམས་ཀྱི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་བརྗོད་ཡོད་པ་དང་། མི་དེ་དག་མིག་སྔར་ཉེན་རྟོག་པས་བཀག་ཉར་རམ་བཙན་ཁྲིད་ཀྱིས་གསང་བའི་བཀག་ཉར་བྱས་ཡོད་ཅིང་། རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་འབྲེལ་ཡོད་ཆེད་མཁས་མི་སྣས་བརྗོད་པ་ལྟར་ན། རྒྱ་ནག་སྲིད་གཞུང་གིས་མི་སྣ་དེ་དག་བཙན་ཤེད་ཀྱིས་འཇུ་བཟུང་དང་བཀག་ཉར་བྱས་པ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་<<ཁྲིམས་རྩོད་པའི་བྱ་སྤྱོད་སྐོར་གྱི་གཞི་རྩའི་ལྟ་གྲུབ་>>ལ་རྒྱལ་འགལ་བྱས་ཡོད་ཙམ་མ་ཟད། <<འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ>> དང་རྒྱ་ནག་རང་ཉིད་ཁྲིམས་འགལ་ཞུ་གཏུག་ཁྲིམས་ལུགས་དང་ཡང་མཐུན་གྱི་མེད་པ་རེད།
རྒྱལ་ཚོགས་ཀྱི་བརྟག་ཞིབ་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་ཆོག་མཆན་འོག ཁྲིམས་ལུགས་ཀྱི་ལས་རིགས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མི་སྣའི་གནས་སྟངས་དང་། སྨྲ་བརྗོད་རང་དབང་། ཞི་བའི་འདུ་འཛོམས། སྡུག་སྦྱོང་གནར་གཅོད་སོགས་ཀྱི་ཐོག་ལ་རང་དབང་ལྡན་པའི་སྒོ་ནས་བརྟག་དཔྱད་བྱ་ཆོག་གི་ཡོད་པ་རེད།
ཡུ་རོབ་མནའ་འབྲེལ་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་། རྒྱ་ནག་སྲིད་གཞུང་གིས་འགྲོ་མིའི་ཐོབ་ཐང་ལས་འགུལ་མི་སྣའི་ཐོག་སྒྲིག་འཛུགས་རང་བཞིན་ཅན་གྱི་བཙན་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ད་དུང་བཀག་ཉར་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་མི་སྣ་དག་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་བྱས་འདུག།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།