ང་ཚོས་ཡིག་ཆ་ཞིག་བཟོས་ནའང་བོད་ཀྱི་མིང་ཁུར་ཡོད་པས་ཆབ་སྲིད་ལས་འགུལ་ལ་འགན་ཁུར་དགོས་པ་རེད།
ཁམས་འདན་མ་ས་གནས་སུ་རྒྱ་གཞུང་གིས་དྲག་གནོན་བྱས་པ་དང་། ཨ་རིའི་ནུའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་སྒེར་པ་དང་བླངས་ལས་འགུལ་བ་ཚོས་ཉིན་མང་པོར་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་དང་། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
ཁམས་འདན་མ་ས་གནས་སུ་རྒྱ་གཞུང་གིས་དྲག་གནོན་བྱས་པ་དང་། ཨ་རིའི་ནུའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་སྒེར་པ་དང་བླངས་ལས་འགུལ་བ་ཚོས་ཉིན་མང་པོར་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་དང་། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༨ ཚེས་༡༨ ནས་ཉིན་གསུམ་རིང་གི་ཕྱི་དྲོ་རྟག་པར་བོད་མི་སྒེར་པ་ཁག་ཅིག་གི་གོ་སྒྲིག་འོག ཨ་རིའི་ནུའུ་ཡོག་གྲོང་ཁྱེར་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་མི་མང་འདུ་འཛོམས་ཀྱིས། རྒྱལ་ཚོགས་ལ་བོད་སྐྱོབ་རེ་འབོད་དང་། སྒོས་སུ་ཉེ་ཆར་ཆར་བྱུང་བའི་ཁམས་སེར་ཤུལ་རྫོང་། འདན་མ་ས་གནས་སུ་རྒྱ་གཞུང་གིས་དྲག་གནོན་བྱས་པའི་སྐོར་གྱི་པར་དང་། ཡིག་ཆ་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་༨ ཚེས་༢༨ དང་༢༩ ལ་ཆུ་ཚོ་༤༨ རིང་བློ་དགའ་དང་། བློ་བཟང་གཉིས་ཀྱིས་ཟས་བཅད་ངོ་རྒོལ་བྱས་པ་དང་། དེ་དང་མཉམ་དུ་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།
དབུས་གཞོན་ལྷན་ཚོགས་གཞོན་ཟུར་པ་དོན་གྲུབ་ལྷ་དར་གྱིས་ལས་འགུལ་ཐོག་གཏམ་བཤད་གནང་སྐབས། “བློ་དགའ་དང་། བློ་བཟང་གཉིས་ཀྱིས་འདིར་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པས། བོད་མི་ཚོ་རྒྱབ་སྐྱོར་བྱེད་དུ་ཡོང་དགོས་པ་གལ་ཆེན་པོ་རེད། ནུའུ་ཡོག་ཏུ་བོད་པ་སྟོང་ཕྲག་ཁ་ཤས་ཡོད་པ་རེད། རྒྱལ་ཚོགས་ཀྱི་ལས་ཁུངས་ནང་རྒྱལ་ཁབ་ཁག་གི་སྐུ་ཚབ་ཞོགས་པ་ཡོང་བ་དང་དགོང་མོ་མར་འགྲོ་ཡི་ཡོད་པས། ཁོང་ཚོས་མཐོང་སྐབས་མི་གཉིས་ལས་འདིར་མེད་ན་ང་ཚོ་ངོ་ཚ་བོ་དང་། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་མིང་ཁུར་ནས་འགན་ག་ཚོད་ཁུར་ཡོད་པའི་ཚོར་བ་ཞིག་སླེབས་ཀྱི་རེད་”ཅེས་བོད་ནང་གི་འདན་པ་ས་གནས་ཀྱི་དཀའ་ངལ་སྐོར་དང་། རྒྱ་གཞུང་གིས་སྡེ་དཔོན་དབང་གྲགས་འཇུ་བཟུང་དང་། ནང་མི་གཅིག་གི་མི་གསུམ་གཟའ་འཁོར་གཅིག་ནང་བསད་དེ་ཕུང་པོ་ནང་དུ་སྐྱེལ་དགོས་པའི་གནས་ཚུལ་བྱུང་ཡོད་པ་དང་། དེ་ཡང་སྒེར་པ་ཞིག་གི་ཆེད་དུ་མ་ཡིན་པར་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ཡིན་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།
ཁོང་གིས་མུ་མཐུད་གསུང་དོན། ང་ཚོའི་བཙན་བྱོལ་ནང་བོད་པ་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད་ཟེར་གྱི་ཡོད་རེད། ཚང་མས་ཆབ་སྲིད་སྐྱབས་བཅོལ་བའི་མིང་ཁུར་ཡོད་པ་དང་། ཨ་རི་དང་ཡུ་རོབ་གང་དུ་སྐྱབས་བཅོལ་ཞུས་ཀྱང་། ང་ཚོས་ལུང་པ་རྒྱ་མིས་ཟོས་སོང་། བོད་ནང་དུ་མི་གསོད་ཀྱི་འདུག དཀའ་ངལ་འདུག བོད་ལ་སྡོད་ཐུབ་ཀྱི་མི་འདུག་ཅེས་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་ཡི་ཡོད་རེད། དེ་བདེན་པ་རེད། ང་ཚོས་ཡིག་ཆ་ཞིག་བཟོས་ནའང་བོད་ཀྱི་མིང་ཁུར་ནས་འགྲོ་ཡི་ཡོད་རེད། ཡིག་ཆ་ལེན་པའི་སྐབས་ངའི་ལུང་པར་དཀའ་ངལ་ཡོད་བཤད་པ་དེ་བདེན་པ་ཡིན་ན། འདིར་ཡོང་ནས་འགན་ཁུར་དགོས་པ་རེད། འདིར་སླེབས་པ་ཚོས་འགན་ཁུར་པ་དང་སྤོབས་པ་བྱས་ཆོག་གི་རེད་”ཅེས་རྒྱལ་ཚོགས་མདུན་བོད་དོན་རེ་འབོད་བྱེད་དགོས་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་ང་ཚོས་འཐབ་རྩོད་དེ་རང་བཙན་དང་དབུ་མའི་ལམ་མ་རེད། ཁ་ཤས་ཤིག་གིས་སྤྱི་ཚོགས་ནང་དཀྲུག་གི་ཡོད་པ་རེད། བོད་ནང་དུ་ཤི་མཁན་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རེད་མ་གཏོགས། ལམ་དབུ་མ་དང་རང་བཙན་དབྱེ་བ་འབྱེད་ཀྱི་ཡོད་པ་མ་རེད་སོགས་གསུངས་སོང་།།
འདི་ག་གསར་ཁང་ནས་དང་བླངས་ལས་འགུལ་གོ་སྒྲིག་པ་གཙོ་བོ་བསྟན་འཛིན་དབང་འདུས་ལ་གནས་འདྲི་བྱས་ཡིན།
དྲི་བ། ཐེངས་འདིར་ཁྱེད་ཚོས་ཉིན་ཤས་རིང་ལས་འགུལ་སྤེལ་བའི་སྐབས་དམིགས་བསལ་དགོས་འདུན་ག་རེ་ཡོད།
ལན། དེ་རིང་ཛ་དྲག་གི་མི་མང་སྒེར་ངོས་ནས་གོ་སྒྲིག་ཞུས་པའི་ལས་འགུལ་འདིར་དགོས་འདུན་ཁག་གསུམ་ཡོད།
༡།སྡེ་དཔོན་དབང་གྲགས་ལགས་ཀྱི་གཙོས་རྒྱ་གཞུང་གིས་ཉེས་མེད་བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས།
༢། སྡེ་དཔོན་དབང་གྲགས་ལགས་ཀྱི་བུ་གཙོས། རྨས་སྐྱོན་བཏང་བ་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཚད་ལྡན་སྤྲོད་དགོས།
༣། དེང་སྐབས་སྡེ་དགེ་འདན་མའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་ཆེད། རྒྱལ་སྤྱིའི་གསར་འགོད་པ་དང་།མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་པ་བོད་ནང་གང་མགྱོགས་གཏང་དགོས་བཅས་རེད།
དྲི་བ། དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཁྲོམ་སྐོར་ངོ་རྒོལ་ལས་འགུལ་ཞེ་དྲག་མེད་པ་ལྟ་བུ་ཆགས་འདུག ཁྱེད་ཚོས་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་དང་གོ་སྒྲིག་པ་སུ་ཡིན་ནམ།
ལན། བོད་ནང་ཧ་ཅང་ཛ་དྲག་ཆགས་ཀྱང་ལས་འགུལ་གོ་སྒྲིག་ཞུ་མཁན་མེད་དུས་ཡར་མར་མེ་འཁོར་དང་ཟ་ཁང་ནང་འགྲོ་སྐབས་ཁག་ཅིག་གིས་བློ་ཕམ་ཆེན་པོས། ལས་འགུལ་མི་འདུག་པའི་སྐོར་ཡང་ཡང་བཤད་པ་དང་། བོད་ནང་སྤུན་ཟླ་ཉེས་མེད་འཛིན་བཟུང་དམར་གསོད་འདི་ལྟར་བྱེད་དུས། ལས་འགུལ་གང་ཡང་མེད་པར་འདི་ལྟར་སྡོད་མ་ཤེས་པ་དང་འདུག་མ་ཐུབ་པ་ལྟ་བུས་ལས་འགུལ་འདི་ང་ཚོ་མི་མང་ཁྲོད་ནས་མི་སྒེར་པ་ཁག་ཅིག་འུ་ཐུག་ནས་དང་བླངས་ཀྱིས་གོ་སྒྲིག་བྱས་པ་རེད།
དྲི་བ། མི་མང་མཉམ་ཞུགས་གནང་མཁན་ཚོའི་བསམ་ཚུལ་གང་འདྲ་འདུག
ལན། ཁག་ཅིག་གིས་ད་དུང་ཡང་མུ་མཐུད་ནས་འདི་ལྟར་གོ་སྒྲིག་གནང་ཐུབ་ན་ཡག་པོ་འདུག བཀའ་དྲིན་ཆེ་གསུངས་ཀྱི་འདུག ཡིན་ན་ཡང་། མ་འོངས་པར་འགན་ཡོད་པའི་ཚོགས་སྡེ་ཁག་གིས་གོ་སྒྲིག་སྣེ་འཁྲིད་གནང་བའི་རེ་བ་ཡོད།གལ་སྲིད་མ་གནང་ན་མ་འོངས་པར་གང་ཐུབ་ཞུ་དགོས་པ་མི་མང་ཚང་མའི་ལས་འགན་རེད་བསམ་གྱི་འདུག
དྲི་བ། ལས་འགུལ་སྐབས་དེར་མི་མང་འཛོམས་རྒྱུར་དཀའ་ངལ་ག་ཚོད་འདུག་པ་དང་།མི་མང་ག་ཚོད་འཛུལ་ཞུགས་བྱས་སོང་།
ལན། སྤྱིར་ཨ་རིར་མི་ཚང་མ་ལས་ཀའི་བྲེལ་བ་ཧ་ཅང་ཆེ་ཞིང་། ལས་ཀ་དགོངས་ཞུ་དགོས་པ་སོགས། དུས་ཚོད་ཀྱི་དཀའ་ངལ་དང་། ལྷག་པར་ལས་འགུལ་འདི་ཉིད་ཐོག་མར་སྔ་ནུབ་རང་ལ་ངོ་དེབ་ཐོག་ནས་གསལ་བསྒྲགས་དུས་ཚོད་ཐུང་ཐུང་ཞིག་ནང་བཏང་བས།མི་བཅུ་གྲངས་ཤིག་ལས་འཛོམས་ཐུབ་པའི་རེ་བ་མ་བྱས་ཀྱང་། མི་བཞི་བཅུ་ཙམ་སླེབས་སོང་ལ་དེ་རྗེས་ཉིན་བཞིན་ཇེ་མང་དུ་སོང་བས།གོ་སྒྲིག་བྱེད་མཁན་དང་མགོ་འཁྲིད་མཁན་གྱིས་ཁྲིད་ན་མི་མང་གི་རྒྱབ་སྐྱོར་དང་མཉམ་ཞུགས་ཡོང་ས་རེད་བསམ་པའི་ཚོར་སྣང་བྱུང་།
དྲི་བ། ད་ཐེངས་ཁྱེད་ཚོས་རྒྱལ་ཚོགས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བ་དེས་ཕན་ཐོགས་ག་འདྲ་ཞིག་ཡོང་གི་རེད་བསམ་གྱི་འདུག
ལན། བདུན་ཕྲག་སྔོན་མར་སྐད་འབོད་ཉི་མ་གཉིས་དང་། དེ་རིང་བདུན་ཕྲག་འདིར་སྐད་འབོད་ཉི་མ་གསུམ་དང་། ཟས་བཅད་ངོ་རྒོལ་ཉིན་གཉིས་བྱས་ནས་བསྡོམས་ཉི་མ་བརྒྱད་ལས་འགུལ་སྤེལ་བ་དེས་དང་པོ་དེ་གཞིས་ལུས་སྤུན་ཟླ་ཚོ་ལ་གདུང་སེམས་མཉམ་སྐྱེད་ཡོད་པའི་བརྡ་ལན་ཞིག་འབུལ་ཐུབ་པ་དང་།གཉིས་པ་ལས་འགུལ་སྤེལ་བཞིན་པའི་བརྒྱུད་རིམ་ནང་ནིའུ་ཡོག་དུས་བབ་New York times དང་། བྷི་བྷི་BBC སོགས་ལ་བོད་སྡེ་དགེ་འདན་མའི་དཀའ་ངལ་སྐོར་བཀོད་ཡོད་ལ།ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་རྒྱ་སྐད་ཀྱི་བརྙན་འཕྲིན་གསར་འགྱུར་ NTD ཞེས་པ་ཆེད་བཅར་གྱིས་ལས་འགུལ་སྐོར་བཅར་འདྲི་བྱས་པ་བརྙན་འཕྲིན་ནང་བསྟན་ཡོད། དེ་བཞིན་ཡིག་ཆ་འགྲེམས་སྤེལ་དང་ལས་འགུལ་བརྒྱུད།བོད་ནང་ཛ་དྲག་དཀའ་ངལ་དེ་མཉམ་སྦྲེལ་རྒྱལ་ཚོགས་ལ་གསལ་སྟོན་ཐུབ་པས།རྒྱལ་ཚོགས་ཀྱི་རླུང་འཕྲིན་ཚན་པའི་འབྲེལ་ཡོད་ཐེངས་མ་གཉིས་ཙམ་ཕེབས་ཏེ། ལས་འགུལ་དང་སེམས་ཤུགས་མུ་མཐུད་ན་གྲུབ་འབྲས་ཡོང་ངེས་ཡིན་པ་གསུངས་ཤིང་། ཟས་བཅད་པ་རྣམས་དཔར་བླངས་པ་དང་། དྲི་བ་དྲི་ལན་སྒྲ་འཇུག་བྱས་སོང་བ་སོགས།གོམ་པ་ཞིག་བརྒྱབ་ན་སླེབས་ས་ཞིག་ཡོད་པ་གསལ་པོ་རེད་འདུག།