ཨ་རི་བོད་ཀྱི་ཐེབས་རྩ་ཁང་ལོ་ངོ་༣༤འཁོར་བའི་དགྱེས་འཛོམས་གསོལ་སྟོན།
ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གིས་བོད་པའི་སྤྱི་ཚོགས་ལ་རོགས་རམ་གནང་མཐུན་འགྱུར་གནང་ནས་ལོ་ངོ་༣༤ འཁོར་བའི་དགའ་སྟོན་གྱི་ཆེད་དུ་ནིའུ་ཡོག་གྲོང་ཁྱེར་གྱི་གྲགས་ཅན་གསོལ་མགྲོན་ཁང་ཞིག་ཏུ་དགའ་སྟོན་དགྱེས་འཛོམས་ཀྱི་གསོལ་སྟོན་ཞིག་གོ་སྒྲིག་གནང་ཞིང་། སྐབས་དེར་གྲགས་ཅན་མི་སྣ་གསུམ་ལ་གཟེངས་རྟགས་རེ་ཡང་འབུལ་ལམ་ཞུས་ཡོད་པ་རེད།
ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གིས་བོད་པའི་སྤྱི་ཚོགས་ལ་རོགས་རམ་གནང་མཐུན་འགྱུར་གནང་ནས་ལོ་ངོ་༣༤ འཁོར་བའི་དགའ་སྟོན་གྱི་ཆེད་དུ་ནིའུ་ཡོག་གྲོང་ཁྱེར་གྱི་གྲགས་ཅན་གསོལ་མགྲོན་ཁང་ཞིག་ཏུ་དགའ་སྟོན་དགྱེས་འཛོམས་ཀྱི་གསོལ་སྟོན་ཞིག་གོ་སྒྲིག་གནང་ཞིང་། སྐབས་དེར་གྲགས་ཅན་མི་སྣ་གསུམ་ལ་གཟེངས་རྟགས་རེ་ཡང་འབུལ་ལམ་ཞུས་ཡོད་པ་རེད།
ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཨ་རི་བོད་ཀྱི་ཐེབས་རྩ་ནས། བཙན་བྱོལ་གཞུང་དམངས་གཉིས་དང༌། བོད་བཅས་པར་བུ་ཕྲུག་གི་ཤེས་ཡོན་དང༌། མང་ཚོགས་ཀྱི་འཕྲོད་བསྟེན། རིག་གཞུང་གཅེས་སྐྱོང༌། གཞན་ཡང་རྒས་གསོ་ཁང་དང་། ཆུ་གློག ལས་ཤག སྤྱི་ཁང་གསར་རྒྱག ཞིང་ལས་སོགས་ལས་གཞི་མང་པོའི་ཐོག་མཐུན་འགྱུར་ཞབས་འདེགས་ཞུས་ནས་ལོ་ངོ་༣༤ འཁོར་བའི་དགའ་སྟོན་ཆེད་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡༤ ཉིན་གྲོང་ཁྱེར་ནིའུ་ཡོག་གི་གྲགས་ཅན་གསོལ་མགྲོན་ཁང་ Le Bernardin Privé ཞེས་པའི་ནང་ཆེས་སྙན་གྲགས་ཅན་གྱི་མ་བྱན་ཆེན་མོ་ (Master Chef Eric Ripert) དང༌། ཁོང་གི་ཕྱག་རོགས་གསུམ་བཅས་སྐད་གྲགས་ཅན་གྱི་མ་བྱན་ཆེན་མོ་བཞི་ཐུན་མོང་ནས་ཟས་བཅུད་ཕུན་སུམ་ཚོགས་པའི་ལག་རྩལ་མཉམ་འདོན་གྱིས་འདེགས་འབུལ་ཞུས་པའི་མཛད་སྒོའི་ཐོག་སྐྱབས་རྗེ་ཉག་རེ་མཁན་སྤྲུལ་དགེ་ལེགས་རིན་པོ་ཆེ་མཆོག་དང་། སྐུ་ཞབས་ཤེབ་གྷོ་ཊོན། སྐུ་ཞབས་ཕི་ལིབ་གྷི་ལཱ་སི་གསུམ་ལ་བོད་ཀྱི་ཐེབས་རྩ་ཁང་ནས་ལོ་འདིའི་གཟེངས་རྟགས་ཕུལ་བ་ལྟར། ཁོང་གསུམ་གྱི་མཛད་རྗེས་ལ་གུས་བརྩི་ཞུ་བའི་ཆེད་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་(Richard Gere) རིཅྰཌ་གྷེ་ཡར་དང༌། (Michael Doughlas)མ་ཡི་ཀལ་ཌག་ལ་སི། (Mike Myers)མ་ཡིག་མ་ཡརསེ། རོལ་དབྱངས་པ་གྲགས་ཅན་(David Crosby) ཌེ་ཝིཊི་ཀོརོསི་བྷི་དང༌། (Asian Superstar and singer Ha Phuong) ཝེ་དི་ནམ་གྱི་གློག་བརྙན་དང་གཞས་མ་གྲགས་ཅན་ཧ་ཕུའོང་གཙོས་བོད་དོན་ལ་ཐུགས་སྣང་ཅན་གྱི་གནད་ཡོད་མི་སྣ་མང་པོ་ཆེད་ཕེབས་གནང་ཡོད་པ་རེད།
ཐེངས་འདིའི་གཟེངས་རྟགས་སྐྱབས་རྗེ་དགེ་ལེགས་རིན་པོ་ཆེ་ལ་འབུལ་དགོས་པའི་རྒྱུ་མཚན་ནི། མཁན་སྤྲུལ་རིན་པོ་ཆེ་མཆོག་གིས་ད་ཕན་ལོ་ངོ་བཅུ་ཕྲག་ལྔ་ལྷག་གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱིས་ཐོག་མར་སློབ་གྲྭའི་དགེ་རྒན་དང༌། དེ་ནས་སློབ་སྤྱི། དེ་རྗེས་བོད་ཁང་གི་དབུ་འཛིན་དང༌། རྒྱ་གར་རླུང་འཕྲིན་ལས་ཁང་གི་བོད་སྐད་སྡེ་ཚན་གྱི་དབུ་ཁྲིད་གནང་བ་མ་ཟད། ༡༩༧༤ ནས་བཟུང་སྐྱབས་རྗེ་རྒྱལ་བའི་ཡོངས་འཛིན་བགྲེས་གཞོན་རྣམ་གཉིས་ཀྱི་བཀའ་འབྲེལ་ནུབ་ཕྱོགས་སུ་ནང་ཆོས་སློབ་ཁྲིད་ཀྱི་ཐུགས་འཁུར་བཞེས་ནས། ཙིཏྟ་མཎིའམ་ཡོངས་གྲགས་སུ་ Jewel Heart Center ཞུ་བའི་ཆོས་ཚོགས་གསར་འཛུགས་གནང་སྟེ། ཨ་རི་དང༌། མ་ལ་ཨེ་ཤ་ཡ། ཧོ་ལེནཌི། ཧོང་ཀོང་སོགས་འཛམ་གླིང་ཡུལ་གྲུ་གང་སར་ནང་ཆོས་ཁྱབ་སྤེལ་ཐོག་གོང་ས་མཆོག་གི་བཀའ་སློབ་སྙིང་དོན་ཀུན་ལ་བྱམས་པ་དང༌། སྙིང་རྗེ། ཆོས་ལུགས་ནང་ཁུལ་མཐུན་ལམ་ཐོག་ནས་འཛམ་གླིང་ཁྱོན་ཡོངས་ནང་ཞི་བདེ་སྤྲུན་པའི་བཟང་སྤྱོད་ཀྱི་བསླབ་བྱ་སྐྱོན་བཞིན་མ་ཟད། ཡུན་རིང་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་སུ་བཞུགས་ནས་གང་ཅིའི་སློབ་སྟོན་གནང་ཡང་གནང་ཡོད།
དེ་སྔ་རྒྱ་གར་དུ་བཞུགས་ཡུན་རིང་བོད་ཀྱི་རྒྱལ་རབས་ཉམས་ཞིབ་ཆེད་གཞུང་ཞབས་བགྲེས་པོ་འཚོ་བཞུགས་མང་པོར་བཅར་འདྲི་གནང་སྟེ། ཡིག་ཆ་འབོར་ཆེན་ཕྱོགས་སྒྲིག་གནང་བའི་ཐོག བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཉམས་ཆག་འགྲོ་བཞིན་པའི་སྐབས་སུ་གལ་ཆེའི་དཔེ་ཆ་རྙིང་པ་༡༧༠ དཔར་སྐྲུན་མཛད་ནས་རྩ་བརླག་འཐོར་གྱར་དུ་མི་འགྲོ་བའི་མཛད་རྗེས་ཆེན་པོ་བཞག ཕྱོགས་མཚུངས་ཨ་རིའི་ནང་དུའང་ནང་ཆོས་ཁྱབ་སྤེལ་ཁོ་ན་མིན་པར་ཆོས་སྲིད་ཞབས་འདེགས་ཇི་སྙེད་ཞུས་ཡོད་པ་དཔེར་ན། ཕྱི་ལོ་༢༠༠༠ ལོར་རྒྱལ་ས་ཝ་ཤིང་ཊོན་གྱི་ National Mall ཐང་ཆེན་དུ་ Tibetan Folk Life Festival ཞེས་པའི་དམངས་ཁྲོད་ཀྱི་དུས་སྟོན་གོ་སྒྲིག་སྐབས་གང་ཅིའི་སློབ་སྟོན་འགན་འཁུར་མཉམ་བཞེས་གནང་པའི་ཐོག ལྷག་པར་ཆོས་དང་རིག་གཞུང་གཙོ་གྱུར་གྱི་བགྲོ་གླེང་ཚོགས་འདུ་སྔ་རྗེས་སུ་ཞུགས་ཏེ། གསུང་བཤད་གནང་བ་བཅས་གཟེངས་སུ་ཐོན་པའི་མཛད་རྗེས་ལ་བསྔགས་བརྗོད་ཆེད་བོད་ཀྱི་ཐེབས་རྩ་ཁང་ནས་༢༠༡༥ ལོའི་གཟེངས་བསྟོད་འབུལ་ལམ་ཞུས་པ་དགྱེས་བཞེས་ཀྱིས་སྐུ་མགྲོན་རྣམས་ལ་ཆོས་སྲིད་བཀའ་སློབ་ཟབ་རྒྱས་གནང་བར་ཚང་མ་དགའ་གུས་ཆེན་པོ་ཞུས་པ་དང་།
གོང་བཞིན་ཧོ་ལི་ཝུཌི་ནང་གློག་བརྙན་བཟོ་འདོན་དང༌། རོལ་དབྱངས་པ་མང་པོའི་མདུན་ལམ་ཐོག་གང་ཅིའི་ལམ་སྟོན་གྱིས་སྐད་གྲགས་ཆེན་པོ་ཆགས་པའི་ཐོག ཨ་རི་དང་ཡོ་རོབ་གཉིས་སུ་སྐར་མ་རྟགས་ཅན་གྱི་མགྲོན་ཁང་དང་ཟ་ཁང་ཆེ་གྲས་ཀྱི་མ་བྱན་མང་པོར་གཟེངས་སུ་ཐོན་པའི་ལམ་སྟོན་གནང་སྟེ་ད་ཆ་སྐད་གྲགས་ཆེན་པོ་བཟོ་མཁན་སྐུ་ཞབས་(Shep Gordon) ཤེབ་གྷོ་ཌོན་ལགས་ཀྱིས་༡༩༩༤ ནས་བཟུང་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་སུ་བཞུགས་ཏེ། རོགས་རམ་གནང་པ་སྤྱི་དང༌། ལྷག་པར་སྐད་གྲགས་ཅན་གྱི་མ་བྱན་འགའ་ཞིག་ལ་རེ་སྐུལ་གྱིས་བོད་མིའི་རོགས་སྐྱོར་ཆེད་གསོལ་སྟོན་རྒྱ་ཆེ་བཤམས་ནས་རོགས་དངུལ་འབོར་ཆེན་བསྡུ་འགོད་ལམ་སྲོལ་གསར་གཏོད་རོགས་ཕན་གནང་པ་མ་ཟད། བོད་ཕྱི་ནང་གཉིས་སུ་མང་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ཆེད་རོགས་རམ་སྔ་རྗེས་གནང་བཞིན་པ་ཧ་ཅང་ཕན་རླབས་ཆེ་བར་ཐུགས་རྗེ་ཆེ་ཞུའི་ གཟེངས་རྟག་ཕུལ་བ་དང༌།
ཕྱོགས་མཚུངས་རོལ་དབྱངས་རྩོམ་པོ་གྲགས་ཅན་ (Philip Glass) ནི་བོད་ཀྱི་གྲོགས་པོ་རྙིང་ཤོས་ཀྱི་གྲས་ཤིག་ཡིན་ཅིང༌། ཁོང་ནི་ནང་ཆོས་དོན་གཉེར་ཅན་ཞིག་ཡིན་ལ། བོད་ཀྱི་སྐད་ཡིག་ཡང་མཁྱེན་མཁན་ཞིག་རེད། ༡༩༧༩ ལོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཐོག་མར་ཕེབས་པའི་སྐབས་སྐུའི་གསང་གསུམ་ལ་བསྟོད་པའི་རོལ་དབྱངས་གསར་བརྩམས་གནང་ཞིང༌། ༡༩༨༧ ལོར་ནིའུ་ཡོག་ཏུ་བོད་ཁང་གསར་འཛུགས་ཀྱི་འགན་འཛིན་ཚོགས་མིར་བཞུགས་ཏེ། ད་ཕན་ལོ་ངོ་༢༨ རིང་ལོ་ལྟར་བོད་ཁང་གི་རྒྱུན་གྲོན་ཆེད་གྲགས་ཅན་(Carnegie Hall) ཀརནི་ཀི་ཧཱལ་ཞེས་པའི་ཚོགས་ཁང་ནང་གླུ་གཞས་དང་རོལ་དབྱངས་འཁྲབ་སྟོན་གྱི་གོ་སྒྲིག་འགན་འཁུར་རྐང་བཞེས་གནང་བཞིན་པ་མ་ཟད། གོང་ས་མཆོག་གི་མཛད་རྣམ་(Kundun) སྐུ་མདུན་ཞུ་བའི་ཧོ་ལི་ཝུཌི་གློག་བརྙན་གྱི་རྒྱབ་ལྗོངས་རོལ་དབྱངས་བརྩམས་པར་Golden Globe (The Truman Show)ཞེས་པའི་བྱ་དགའ་ཐོབ་པ་དང༌། གྲགས་ཅན་Academy Award ཨོ་སི་ཀར་གཟེངས་རྟགས་ཀྱི་འོས་ཁོངས་སུའང་འདེམས་ཐོན་བྱུང་བ་མ་ཟད། རོལ་དབྱངས་གསར་བརྩམས་གནང་པའི་གཟེངས་རྟགས་མང་པོ་ཐོབ་མྱོང་ཡོད་པ་ཞིག་རེད། རྒྱུན་དུ་བོད་དང་བོད་མིའི་བདེ་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པར་བརྟེན་ཁོང་ལའང་ང་ཚོས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཕུལ།
མཛད་སྒོའི་ཐོག་བོད་ཀྱི་ཐེབས་རྩའི་ཚོགས་གཙོ་མིག་ཀི་ལེམ་ལི་གཙོས། འཛིན་སྐྱོང་ལས་བྱེད་དང༌། སྐུ་ཞབས་རི་ཅཱཌ་གྷེ་ཡར། ཉག་རེ་མཁན་སྤྲུལ་དགེ་ལེགས་རིན་པོ་ཆེ། ཤེབ་གྷོཌན། ཕི་ལིབ་གྷི་ལཱ་སེ་བཅས་ནས་གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་གུས་བསྟོད་ཞུ་བ་དང་ཆབས་ཅིག་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་གལ་གནད་ཆེན་པོ་ཡིན་པ་ལྟར་ཐུགས་འཁུར་གནང་དང་གནང་རྒྱུ་སོགས་ཀྱི་སྐོར་གསུང་བཤད་གནང༌། ཨོ་ཊེརི་ལི་ཡ་ནས་ཕེབས་པ་དེང་དུས་བོད་མིའི་རོལ་དབྱངས་མཁས་པ་བསྟན་འཛིན་ཆོས་རྒྱལ་ལགས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གཞས་གཟིགས་འབུལ་ཞུས་པའི་ཐོག པར་པ་དང༌། རི་མོ་ལ་མཁས་པ། གཞན་ཡང་བོད་མི་ལྷ་བྲིས་པ་སོགས་རྒྱུ་རྩལ་མཁས་པའི་མི་སྣ་ཁག་གཅིག་གིས་ཀྱང་རང་རང་གི་ཐུན་མོང་མ་ཡིན་པའི་རིན་ཐང་ཅན་གྱི་དངོས་རྫས་མང་པོ་ཞལ་འདེབས་གནང་སོན་བྱུང་བ་རྣམས་བོད་ཀྱི་ཐེབས་རྩ་ཁང་གི་ལས་དོན་ལ་རྒྱབ་སྐྱོར་ཆེད་གོང་ཚད་འགྲན་བསྡུར་གྱིས་ཚོང་འགྲེམས་ཞུས་ཏེ། གསོལ་སྟོན་འདི་ཐོག་ནས་ཨ་སྒོར་འབུམ་བཞི་ཙམ་འདུ་འགོད་ཐུབ་པ་བྱུང་ཞིང༌། དེ་རིང་གི་གོ་སྐབས་འདི་བཟུང་ནས་སྐྱབས་རྗེ་ཉག་རེ་མཁན་སྤྲུལ་དགེ་ལེགས་རིན་པོ་ཆེ་མཆོག་དང༌། སྐུ་ཞབས་རི་ཅཱཌ་གྷེ་ཡར། སྐུ་ཞབས་ཤེབ་གྷོ་ཊོན། སྐུ་ཞབས་ཕོ་ལིབ་གྷི་ལཱ་སི། གཞན་ཡང་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།