འཛིན་བཟུང་ཞེས་པའི་དཔེ་དེབ་དབུ་འབྱེད།
ཕྱི་ཟླ་༤ ཚེས་༢༩ ཉིན་དྷ་ས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་ཁང་དུ་གྲྭ་བག་གྲོས་པར་སྐྲུན་བྱས་པའི་དབྱིན་ཡིག་དཔེ་དེབ་<<འཛིན་བཟུང་>>ཞེས་པ་དེ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་སྨན་པ་མཁྱེན་རབ་ཀྱིས་དབུ་འབྱེད་གནང་ཡོད་པ་རེད།
ཕྱི་ཟླ་༤ ཚེས་༢༩ ཉིན་དྷ་ས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་ཁང་དུ་གྲྭ་བག་གྲོས་པར་སྐྲུན་བྱས་པའི་དབྱིན་ཡིག་དཔེ་དེབ་<<འཛིན་བཟུང་>>ཞེས་པ་དེ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་སྨན་པ་མཁྱེན་རབ་ཀྱིས་དབུ་འབྱེད་གནང་ཡོད་པ་རེད།
དཔེ་དེབ་དེ་སི་པེན་ཁྲིམས་ཁང་ནང་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཁྲིམས་གཏུག་བྱས་པའི་བརྒྱུད་རིམ་སྐོར་ཡིན་པ་དང། ༢༠༠༦ ལོ་ནས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་། སི་པེན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་རྒྱ་ནག་གི་དཔོན་རིགས་ཅང་ཙི་མིན་དང་། ལིས་ཕུན་སོགས་དཔོན་རིགས་དྲུག་ཁྲིམས་གཏུག་བྱས་ཏེ། གྲྭ་བག་གྲོ་སོགས་ཆབ་སྲིད་བཙོན་ཟུར་ཁག་ཅིག་ཁྲིམས་ཁང་དུ་བོད་མི་དམར་གསོད་དང་མནར་གཅོད་བཏང་བའི་སྐོར་གྱི་དཔང་པོ་བྱེད་དུ་སོང་ཡོད་པ་རེད།
གྲྭ་བག་གྲོས་དཔེ་དེབ་དེ་འདྲ་ཞིག་པར་སྐྲུན་བྱེད་དགོས་དོན་སྐོར་ལ་ངོ་སྤྲོད་གནང་དོན། རྒྱ་ནག་གི་དཔོན་རིགས་ཚོས་བོད་མི་སྡེབས་གསོད་བྱས་པའི་ཁྲིམས་གཏུག་སྐབས་སོ་སོས་དཔང་པོ་བྱས་པའི་བརྒྱུད་རིམ་དེ་དཔེ་དེབ་ཀྱི་ངོ་བོར་པར་སྐྲུན་བྱེད་ཐུབ་ན། མ་འོངས་པའི་མི་རབས་ལ་ཕན་ཐོགས་ཀྱི་རེད་བསམ་ནས་པར་སྐྲུན་བྱས་པ་ཡིན་སྐོར་དང། ༡༩༨༧ ལོ་དང་༡༩༨༨།༡༩༨༩ བཅས་སུ་ལྷ་ས་ནས་བོད་མིའི་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་བརྒྱུད་རིམ། ཁོང་ལས་འགུལ་ནང་ཞུགས་བྱས་པའི་སྐོར་ངོ་སྤྲོད་གནང་སོང་།
སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྨན་པ་མཁྱེན་རབས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་སྐབས། བོད་མིར་དྲག་གནོན་སྐོར་གྱི་དཔེ་དེབ་པར་སྐྲུན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་རྒྱབ་སྐྱོར་ཡག་པོ་ཡོང་གི་ཡོད་སྐོར་གསུངས་སོང་ལ། རྒྱ་ནག་གི་དཔོན་རིགས་གསར་པ་སླེབས་ཡོད་ནའང་། བོད་ཐོག་བཟུང་བའི་སྲིད་ཇུས་ལ་འགྱུར་བ་གང་ཡང་སོང་མེད་སྐོར་དང་། སྲིད་འཛིན་ཞི་ཅི་ཕིན་གྱིས་བོད་དོན་ལ་དམིགས་སུ་བཀར་ནས་ཁ་གྲགས་ཀྱི་མེད་ནའང་། དོན་དག་གཉིས་བཤད་ཀྱི་ཡོད་པ་རེད། “ཀྲུང་གོ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དར་སྤེལ་དང་མདུན་བསྐྱོད་བྱེད་པ་ལས། ནུབ་ཕྱོགས་པའི་ལྟ་ཚུལ་ཁག་གི་རྗེས་འབྲང་བྱེད་རྒྱུ་མིན་པ་དང་། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕམ་ཉེས་ལས་མཉམ་མྱོང་བླངས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་འབད་བརྩོན་བྱེད་དགོས། དེའི་ཆེད་དུ་ཕྱོགས་ཡོངས་ནས་དམར་ཤོག་ཚོགས་པའི་སྟོབས་ཤུགས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་”ཞེས་ཞི་ཅིན་ཕིན་གྱིས་བརྗོད་ཀྱི་ཡོད་པ་རེད་ཅེས་དང། རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་ཇུས་དེ་ཡང་འགྱུར་བ་གང་ཡང་མེད་པ་དང། བོད་མི་ཞི་བའི་ལས་འགུལ་བར་ཁ་བྲལ་བ་རེད་ཅེས་དྲག་གནོན་བྱེད་ཀྱི་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།།