འཛམ་གླིང་གསེར་གྱི་བུམ་པའི་རྟགས་མ་འཇར་མན་ལ་ཐོབ།
འཛམ་གླིང་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་རྩོད་ཀྱི་མཐའ་མའི་རྒྱལ་ཕམ་འགྲན་སྡུར་སྟེང་འཇར་མན་གྱིས་གཅིག་དང་ཨར་རྗན་ཊི་ན་ཀླད་ཀོར་ཆགས་ཏེ། ༢༠༡༤ ལོའི་འཛམ་གླིང་གསེར་གྱི་བུམ་པའི་བྱ་དགའ་དེ་འཇར་མན་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པ་རེད།
འཛམ་གླིང་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་རྩོད་ཀྱི་མཐའ་མའི་རྒྱལ་ཕམ་འགྲན་སྡུར་སྟེང་འཇར་མན་གྱིས་གཅིག་དང་ཨར་རྗན་ཊི་ན་ཀླད་ཀོར་ཆགས་ཏེ། ༢༠༡༤ ལོའི་འཛམ་གླིང་གསེར་གྱི་བུམ་པའི་བྱ་དགའ་དེ་འཇར་མན་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༡༣ རེས་གཟའ་ཉི་མའི་ཉིན། ༢༠༡༤ ལོའི་བྷར་ཛིལ་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་འགྲན་སྡུར་སྟེང་འཇར་མན་དང་ཨར་རྗན་ཊི་ན་རྐང་སྤོལ་རུ་ཁག་གཉིས་བར་འགྲན་རྩོད་བྱས་ཏེ། ཐོག་མའི་སྐར་མ་༩༠ ནང་ཕྱོགས་གཉིས་ཀྱིས་གཅིག་ཀྱང་བླུགས་ཐུབ་མེད་པ་དང་། དེའི་རྗེས་ཀྱི་ཐོལ་སྐར་འགྲན་སྡུར་ཁྲོད་འཇར་མན་གྱིས་གཅིག་བླུགས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད།
འཇར་མན་རྐང་སྤོལ་རུ་ཁག་གི་བརྗེ་ཚབ་རྩེད་འགྲན་པ་གྷོ་རྫི་ (Goetze) ཡིས་ཁོང་གི་རྩེད་རོགས་ཀྱིས་གཡོན་ཕྱོགས་ནས་བརྒྱུད་སྤྲོད་བྱས་པའི་སྤོལ་བྲང་ཁོག་གིས་བཀག་པའི་རྗེས། རྡོག་ཐོ་གཞུས་ཐེངས་གཅིག་གིས་དྲ་མའི་ནང་དུ་བླུགས་ཡོད་པ་རེད།
འདི་ནི་འཇར་མན་ལ་འཛམ་གླིང་གསེར་གྱི་བུམ་པའི་རྟགས་མ་ཐོབ་པ་ཐེངས་བཞི་པ་ཆགས་ཡོད་པ་དང་། སྔོན་མའི་ཐེངས་གསུམ་དེ་ཕྱི་ལོ་༡༩༥༤ དང་༡༩༧༤ ། ༡༩༩༠ ལོ་བཅས་ཡིན་པ་མ་ཟད། ལྷོ་ཨ་མེ་རི་ཁའི་ནང་དུ་སྔ་ཕྱིར་རྩེད་འགྲན་ཐེངས་༧ འཚོགས་མྱོང་ཡོད་པའི་ནང་། གསེར་གྱི་རྟགས་མ་ཆ་ཚང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པ་དང་། འདི་ལོར་ཡུ་རོབ་རྒྱབ་ཁབ་ཀྱི་རུ་ཁག་ཅིག་ལ་ཐོབ་པ་ཐོག་མ་ཆགས་ཡོད་འདུག
སྔོན་མར་ཐེངས་གཉིས་ལ་ཨར་རྗན་ཊི་ན་དང་འཇར་མན་གཉིས་འཛམ་གླིང་གསེར་གྱི་བུམ་པའི་རྐང་སྤོལ་གྱི་མཐའ་མའི་འགྲན་རྩོད་སྟེང་ཐུག་མྱོང་ཡོད་པའི་ཁྲོད། ཕྱི་ལོ་༡༩༨༦ ལ་ཨར་རྗན་ཊི་ན་ཐོབ་པ་དང་༡༩༩༠ ལོར་འཇར་མན་ལ་ཐོབ།
འཇར་མན་རྐང་སྤོལ་རུ་ཁག་ལ་༢༠༡༤ ལོའི་འཛམ་གླིང་གསེར་གྱི་བུམ་པའི་རྟགས་མ་དང་མཉམ་དུ་ཨ་སྒོར་ས་ཡ་༣༥ དང་། ཨང་གཉིས་པའི་རྟགས་མ་ཐོབ་མཁན་ཨར་རྗན་ཊི་ན་ལ་ཨ་སྒོར་ས་ཡ་༢༥། ཨང་གསུམ་པ་ནེ་རྡར་ལན་ཌི་ལ་ཨ་སྒོར་ས་ཡ་༢༠ བཅས་ཐོབ་ཡོད་པ་མ་ཟད། འདི་ལོའི་བྱ་དགའ་ནི་འཛམ་གླིང་རྐང་སྤོལ་ལོ་རྒྱུས་ནང་གི་མཐོ་ཤོས་ཆགས་ཡོད་འདུག
དེ་བཞིན་ཐེངས་འདིའི་འཛམ་གླིང་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཁྲོད་ཀོ་ལམ་བྷི་ཡའི་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་རྗེམ་སི་རོ་ཌུ་གྷའ་ (James rodriguez) ཡིས་ཁྱོན་སྤོལ་(goal) ༦ བླུགས་ཏེ་གསེར་ལྷམ་གྱི་རྟགས་མ་ཐོབ་པ་དང་། འཇར་མན་རུ་ཁག་གི་མུ་ལར་ (Thomas mueller) གྱིས་ཐེངས་༤ བླུགས་ཏེ་ཨང་གཉིས་པ། བྷར་ཛིལ་རུ་ཁག་གི་ནེ་མར་གྱིས་(Neymar) ཐེངས་༤ བླུགས་ཏེ་ཨང་གསུམ་པ་བཅས་ཆགས་ཡོད་འདུག་ལ། ཨར་རྗན་ཊི་ནའི་རུ་དཔོན་རྩེད་འགྲན་པ་གྲགས་ཅན་མའེ་སི་(Lionel Messi) གྱིས་བྷར་ཛིལ་དང་མཉམ་དུ་ཕྱེད་མཐའ་མའི་འགྲན་སྡུར་སྐབས་ཉེས་རྟགས་གཅིག་ཀྱང་མ་རག་པ་མ་ཟད། ཨ་རྗན་ཊི་ནའི་ཁྱོན་རྩེད་འགྲན་ཐེངས་གསུམ་གྱི་ནང་ཆེས་འགག་རྩའི་ནུས་པ་ཐོན་ཏེ་གསེར་སྤོལ་གྱི་རྟགས་མ་ཐོབ་པ་དང་། འཇར་མན་གྱི་མུ་ལར་(Thomas mueller) རྩེད་འགྲན་པ་ཡག་ཤོས་ཨང་གཉིས་པ། ནེ་རྡར་ལན་ཌི་ཡི་རའོ་བྷན་(Arjen Robben) ལ་ཨང་གསུམ་པ་བཅས་ཐོབ།
འཛམ་གླིང་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ནི་ཕྱི་ལོ་༡༩༣༠ ལོར་ཡུ་རུ་གྷའེ་རུ་ཐོག་མར་འགོ་བཙུགས་པ་དང་། ཕྱི་ལོ་༡༩༤༢ དང་༡༩༤༦ ལོའི་སྐབས་གཉིས་ལ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྐྱེན་པས་རྩེད་ཐུབ་མེད་པ་ཕུད། སྔ་ཕྱིར་རྒྱལ་ཁབ་ཁག་འདྲ་མིན་གྱི་ནང་དུ་རྩེད་འགྲན་ཐེངས་༢༠ འཚོགས་ཡོད་པའི་ཁྲོད། ད་ལྟའི་བར་འཛམ་གླིང་རྐང་སྤོལ་གྱི་ཟིན་ཐོ་ནང་བྷར་ཛིལ་ལ་ཐེངས་༥ ཐོབ་ཏེ་མང་ཤོས་ཡིན་པ་དང་། དེའི་འཕྲོས་ཀྱི་འཇར་མན་ལ་འདི་ལོ་བརྩིས་པའི་ཐེངས་༤། ཨེ་ཀྲ་ལི་ཐེངས་༤། ཡུ་རུ་གྷའེ་ཐེངས་༢། ཨར་རྗན་ཊི་ན་ཐེངས་༢།སི་པན་ཐེངས་༡། དབྱིན་ཡུལ་ཐེངས་༡། ཧྥི་རན་སི་ཐེངས་༡ བཅས་ཐོབ་ཡོད་པ་རེད།།